༢༠༡༤ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཀྱི་སྐད་ཡིག་གི་གནས་སྟངས་མི་ཉམས་གོང་འཕེལ་སླད་ཐ་སྙད་གསར་པའི་ཤེས་བྱའི་འགྲན་ཚོགས་འགོ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཚོགས་ཆུང་གི་རྩོམ་སྒྲིག་ལས་རོགས་ཨོ་རྒྱན་བསྟན་འཛིན་ལགས། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག དེ་བཞིན་སློབ་གྲྭ་དང་དགོན་སྡེ་ཁག་ ༡༦ ནས་ཆེད་དུ་བཅར་བའི་འགྲན་ཞུགས་པ་གྲྭ་བཙུན་དང་སློབ་ཕྲུག་གྲངས་ ༨༠ བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཟུར་རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དྲན་རྟེན་རྡོ་རིང་དབུ་འབྱེད་དང་འབྲེལ། སྐུ་མགྲོན་དང་དགེ་སློབ་ཡོངས་ནས་དྲན་རྟེན་རྡོ་རིང་ལ་མཇལ་དར་བསྒྲོན་རྗེས་སློབ་གྲྭའི་ཚོགས་ཁང་ནང་ཚོགས་འདུ་དངོས་སུ་འགོ་འཛུགས་ཀྱིས་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྒྲོགས་སྦྱང་ཞུས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཡིག་འབྲེལ་གྱི་ལམ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་པའི་སློབ་མ་བུ་ ༢ དང་བུ་མོ་ ༢ ལ་ལག་འཁྱེར་གནང་གྲུབ་མཚམས་གསུང་བཤད་གནང་དོན། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ངོས་ནས་ཐ་སྙད་གསར་པ་འགྲན་བསྡུར་དང་མཁས་པའི་བགྲོ་གླེང་འདི་འདྲ་ཞིག་གོ་སྒྲིག་བྱེད་ཐུབ་པ་དེར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཚན་གཞན་ནས་ཀྱང་། ཁོང་ཚོར་མིག་དཔེ་བལྟས་ཏེ་ལས་འགུལ་འདི་འདྲ་སྤེལ་རྒྱུ་གལ་ཆེན་པོ་ཡིན།
རིག་གནས་གསར་བརྗེའི་སྐབས་རྒྱ་ནག་སྤྱི་ཡོངས་དང་ལྷག་པར་བོད་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཙོས་གནས་སྟངས་མང་པོ་ཞིག་ལ་གྱོང་གུན་ག་འདྲ་ཞིག་ཕྱིན་པ་ཚང་མས་ཤེས་གསལ་རེད། བོད་ནང་གུ་ཡངས་ཕྲན་བུ་བྱུང་རྗེས་པཎ་ཆེན་སྐུ་ཐོག་གོང་མས་བོད་ནང་སློབ་གྲྭ་གསར་འཛུགས་མཛད་པ་དང་། ལྷག་པར་བོད་ཀྱི་སྐད་ཡིག་ཐོག་ཐུགས་ཁུར་ཆེན་པོ་བཞེས་ཡོད། ད་ལྟའི་བོད་ནང་དང་བོད་ནས་བཙན་བྱོལ་དུ་ཡོང་བ་ཚོར་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་པ་དེ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་བཀའ་དྲིན་ཡིན། ཁོང་གིས་བོད་ཀྱི་སྐད་ཡིག་ཐོག་རླབས་ཆེན་གྱི་མཛད་རྗེས་ཤིག་འཇོག་གནང་མཛད་ཡོད། ད་ལྟའི་དུས་སུ་བོད་ཀྱི་སྐད་ཡིག་ཐོག་འགན་འཁུར་མཁན་ཁ་ཤས་ཡོད་པ་དེ་ཚོའི་རྗེས་སུ་ཞུགས་པ་ཡིན་ན། ང་ཚོ་ཚང་མས་བོད་ཀྱི་སྐད་ཡིག་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་གནས་བབ་ཅིག་ཏུ་འགྱུར་ངེས་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་འགྲན་ཚོགས་འདི་ལྟ་བུ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཚོས་འགན་འཁུར་ཏེ་གོ་སྒྲིག་བྱས་པ་ནི་གཟི་བརྗིད་རེད། ཤེས་རིག་ལས་ཁུངས་དང་སཾ་བྷོ་ཊ་སྒྲིག་འཛུགས་ལ་འདིའི་ཐད་ལས་འགན་ཆེ་རུ་འགྲོ་བཞིན་ཡོད། ད་རེས་འགྲན་ཚོགས་ནང་མང་ཆེ་བ་ཞིག་དགོན་སྡེ་ཁག་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་མ་གཏོགས་མི་འདུག བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་རིམ་གྱིས་ཚོགས་འདུ་འདི་འདྲ་འཚོགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
བོད་མིའི་སྒྲིག་འཛུགས་ལ་མཚོན་ན་ནང་ཕན་ཚུན་ཡིག་འབྲེལ་བྱེད་སྐབས་བོད་ཡིག་ཐོག་ནས་ཡིག་འབྲེལ་བྱེད་དགོས་པར་བརྟེན་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་དགོས་བསམས་ན། བོད་ཡིག་མ་ཤེས་ན་མ་འགྲིག་པའི་གནས་སྟངས་འདྲ་བོ་ཆགས་ཀྱི་ཡོད། སྐབས་རེ་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་མི་འདུག་བསམ་པ་དེ་འདྲ་ཡོང་གི་ཡོད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ནང་སྐད་ཡིག་བེད་སྤྱོད་དགོས་པ་དེ་བོད་ཡིག་རང་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་མཁས་པའི་བགྲོ་གླེང་འགོ་འཛུགས་ཀྱིས་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་དང་དེང་དུས་ཡིག་སྒྱུར་བར་གྱི་འབྲེལ་བ་གླེང་བ།༽ཞེས་པ་དང་། བློ་བཟང་སྨོན་ལམ་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་དང་དྲ་རྒྱའི་རིག་གནས་ཀྱི་འབྲེལ་བ་གླེང་བ།༽ སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་དང་དེང་དུས་ཀྱི་གསར་འགྱུར་བར་གྱི་འབྲེལ་བ་གླེང་བ།༽ ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ ༼བོད་ཀྱི་བརྡ་ཆད་གཏན་འབེབ་སྐབས་ཀྱི་དཀའ་གནད་གླེང་བ།༽ བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད།
ཕྱི་ཚེས་ ༦ ཉིན་ཐ་སྙད་གསར་པ་འགྲན་སྡུར་དངོས་སུ་འགོ་འཛུགས་ཀྱིས་འགྲན་ཚོགས་མཇུག་བསྡོམས་ཐོག་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་འགྲན་ཞུགས་པ་རྩེ་ཕུད་ཚོར་གཟེངས་རྟགས་དང་མཇུག་བསྡོམས་གསུང་བཤད་གནང་ཡོད།
ཐེངས་འདིའི་ཐ་སྙད་གསར་པའི་འགྲན་ཚོགས་ཐོག་ས་རཱ་མཐོ་སློབ་དང། ནོར་གླིང་མཐོ་སློབ། སྨན་རྩིས་མཐོ་སློབ། ཀིརྟི་བྱེས་པ་གྲྭ་ཚང་། སྒྲོལ་མ་གླིང་། རྒྱུད་སྟོད་གྲྭ་ཚང་། ཀུན་ཕན་མཐོ་སློབ། སུ་ཇ་བོད་ཁྱིམ། གྷོ་པལ་པུར་བོད་ཁྱིམ། རྡ་སྟེང་དང་རྡ་ཤོད་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ། སྤོན་ཊ་སམ་བྷོ་ཊ་གཏན་སློབ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ནས་སློབ་མ་རྩེ་ཕུད་ཁག་བདམས་ཏེ་འཛུལ་ཞུགས་བྱས་ཡོད།