༢༠༡༤ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༨ སྔ་དྲོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་དྭགས་སོ་ནམ་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་འདུག སྐབས་དེར་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ཆེད་བཅར་ཞུས་འདུག དེ་ཉིན་རྒྱལ་ས་སླེའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་ནས་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་ལྕོག་ལམ་གསར་མི་མང་ཚོགས་ཁང་ནང་དུ་ནང་སྲིད་བཀའ་བློན་མཆོག་དང་དྲུང་འཕར་རྣམ་གཉིས་ལ་ཕེབས་བསུའི་གསོལ་སྟོན་ཞིག་གཤམས་འདུག
དེ་རྗེས་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་ས་གནས་འགོ་འཛིན་དོན་གྲུབ་བཀྲ་ཤིས་ལགས་གཉིས་ཀྱིས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པ་ཐག་ Shri, K.K Pathak མཆོག་གི་ཕེབས་བསུར་སླེ་གནམ་ཐང་དུ་བཅར་འདུག་ལ། སྐུ་ཞབས་པ་ཐག་མཆོག་ལ་ཇ་སྟོན་ཞིག་གཤམས་ནས་སྐབས་དེར་ལ་དྭགས་ནང་གནས་སྡོད་བོད་མི་རྣམས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། ཤེས་ཡོན་སོགས་ཀྱི་གནས་སྟངས་སྐོར་གོ་བསྡུར་ལྷུག་པོ་གནང་འདུག དེ་ནས་ས་གནས་འགོ་འཛིན་གྱི་སྣེ་ཁྲིད་དེ་མཛད་གཙོ་རྣམས་སོ་ནམ་གླིང་གཞིས་ཆགས་ནང་གཟིགས་སྐོར་དུ་ཕེབས་སྐབས་ས་གནས་བོད་མི་མང་ཚོགས་རྣམས་ཀྱིས་དགའ་བསུའི་ཕེབས་བསུ་ཞུས་འདུག ཕྱེད་ཡོལ་ཆུ་ཚོད་ ༧།༣༠ ཙམ་ལ་ནང་སྲིད་ལས་ཁུངས་དང་སོ་ནམ་གླིང་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་འོག་རྒྱ་གར་གཞུང་གི་མངའ་སྡེའི་བློན་ཆེན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རེན་རི་ཇི་ཇུ་Shri. Kiran Rijiju མཆོག་ལ་གསོལ་སྟོན་གཟབ་རྒྱས་ཤིག་ཕུལ། སྐབས་དེར་ས་གནས་འགོ་འཛིན་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ལ་དྭགས་སོ་ནམ་གླིང་གཞིས་ཆགས་ཀྱི་སྐོར་ངོ་སྤྲོད་ཞུས།
དེ་རྗེས་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་གིས་གསུང་བཤད་གནང་། སྐབས་དེར་ཁོང་ནས་ནང་སྲིད་བཀའ་བློན་མཆོག་ནི་བོད་དོན་དང་བོད་མིའི་བེད་དོན་ཆེད་འབད་བརྩོན་ཧ་ཅང་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་དང་ཡུན་རིང་ནས་གྲོགས་འགྲིས་ཡོད་མཁན་ཞིག་ཡིན་སྐོར་དང་། འཕགས་བོད་གཉིས་ཡུན་རིང་ནས་ཆོས་དང་སྐད་ཡིག རིག་གཞུང་སོགས་ཡུན་རིང་ནས་ལོ་རྒྱུས་ཐོག་འབྲེལ་བ་ཡོད་པ་དང་། ལྷག་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གི་ཐུགས་བརྗེའི་བཀྲིན་ལ་རྟེན་ནས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་འབྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་འདི་གཏན་འབེབས་ཐུབ་པ་བྱུང་ཡོད་པ་དང་། སྲིད་བྱུས་འདི་བརྒྱུད་རྒྱ་གར་ནང་གནས་སྡོད་བོད་མི་སྐྱབས་བཅོལ་ཚོརམཐུན་རྐྱེན་རག་རྒྱུ་ཡིན་སྐོར་གསུངས། མཛད་སྒོའི་མཐར་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུསའི་གསུང་བཤད་གནང་།