༢༠༡༤ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དབྱིན་ཡུལ་བོད་ཁང་དུ་ཡུལ་དེའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེཨ་བེན་ཧ་མེལ་ཌོན་ (Mr Fiabian Hamilton)ལགས་དང་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འོག་བོད་ཀྱི་དཀའ་གནད་སེལ་ཆེད་ཕུགས་རྒྱང་རིང་པོ་དང་རྒྱུ་མཚན་ལྡན་པའི་ཐབས་ལམ་བཟང་ཤོས་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡིན། ཞེས་ནན་བརྗོད་ཞུས་པ་དང་སྦྲགས།
བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད་སྟབས། སྐུ་ཞབས་ཧ་མེལ་ཊོན་མཆོག་གིས་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་ཐབས་ཆེད་འབད་བརྩོན་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག
ཉིན་རྒྱབ་དྲིལ་བསྒྲགས་དྲུང་ཆེས་དབྱིན་ཡུལ་སྐུ་ཚབ་དོན་ཁང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ཐུགས་འཕྲད་གནང་འདུག སྐབས་དེར་དྲུང་ཆེས་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གཞོན་སྐྱེས་དང་རྒྱ་རིགས་ཁྲོད་གོ་རྟོགས་རྒྱ་སྐྱེད་སྤེལ་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
གཞན་ཡང་དེ་ཉིན་གྱི་ཕྱེད་ཡོལ་དྲུང་ཆེས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལོ་ཌི་ཌེ་ཝི་ཌི་སི་ཊིལ་མཆོག་ Lord David Steel མཇལ་འཕྲད་གནང་སྟེ། བོད་མི་ཚོར་དཀའ་ངལ་ཆེ་བའི་དུས་སྐབས་འདིར་ཁོང་ནས་ཆོད་སེམས་བརྟན་པོས་བོད་མི་དང་བོད་དོན་ལ་ཡུན་རིང་ནས་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་དང་། བོད་དོན་སྐོར་དབྱིན་ཡུལ་གྱི་གྲོས་ཚོགས་ནང་གླེང་སློང་ཡོང་བའི་འབོད་སྐུལ་ཡང་ཞུས་པར་ཁོང་གིས་རང་ནུས་གང་ཡོད་ཐོག་བོད་དོན་གྲོས་ཚོགས་སུ་གླེང་ཐབས་གནང་རྒྱུར་འབད་བརྩོན་ཞུ་རྒྱུའི་ཁས་ལེན་ཡང་གནང་འདུག
གཞན་ཡང་དྲུང་ཆེས་ཐེངས་འདིར་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭའི་དིབ་ཡེ་ཤི་ཨཱ་ནནྡཱ་ Dr. Dibyesh Annand ལགས་དང་ཐུག་འཕྲད་གནང་ནས་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་དོན་དང་འབྲེལ་བའི་སྐོར་གོ་བསྡུར་གནང་འདུག ཕྱོགས་མཚུངས་དྲུང་ཆེས་རིག་པ་ནང་ཆོས་བསྟི་གནས་ཁང་དུ་ཕེབས་ནས་ཆོས་ཚོགས་ཀྱི་དབུ་བླ་བསོད་རྒྱལ་རིན་པོ་ཆེ་དང་མཇལ་འཕྲད་གནང་བ་མ་ཟད། བྷི་བྷི་སི་རྒྱ་སྐད་ཚན་པའི་གསར་འགོད་པ་སྐུ་ཞབས་ཊེམ་ཚེ་ལོ་Mr TemtselHao, the BBC Chinese’s Section དང་ཆུ་ཚོད་ཕྱེད་ཀའི་རིང་བོད་དོན་བགྲོ་གླེང་དང་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་སོགས་གནང་འདུག སྐབས་དེར་དྲུང་ཆེས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྤྱི་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་གསལ་བཤད་གནང་རྗེས། དོན་ཁང་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཁག་གཅིག་དང་ཐུག་འཕྲད་གནང་འདུག