༢༠༡༤ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ་རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་རྗེས་དྲན་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོར་མགྲོན་འབོད་ཞུས་དོན་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༢ ཉིན་སྡེ་ར་ལྡུན་དུ་ཕེབས་འབྱོར་གནང་འདུག
དེ་ཡང་ཆོས་རིག་བཀའ་བློན་མཆོག་ཕྱི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་ཀྱི་ལས་རིམ་ལྟར་དུས་དྲན་མཛད་སྒོར་ངོ་བཅར་ཞུ་རྒྱུ་ཡིན་འདུག མཛད་སྒོ་གྲུབ་རྗེས་ཕྱི་ཚེས་ ༡༤ ཉིན་ཆོས་རིག་བཀའ་བློན་མཆོག་སྡེ་ར་ལྡུན་ནས་རྡ་སར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༥ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩།༣༠ ཐོག་ཕྱི་ནང་སྐུ་མགྲོན་རྣམས་ཚང་འཛོམས་ཀྱིས་ཆུ་ཚོད་ ༡༠ ཐོག་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕོ་བྲང་ནས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་གྲུབ་བསྟུན་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་དམིགས་གསལ་སྐུ་མགྲོན་རྣམས་ནས་སྣང་གསལ་ཞལ་ཕྱེ་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་མཛད་སྒོའི་སྐབས་སྤོན་ཊ་སཾབྷོ་ཊ་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་ནས་རྟེན་འབྲེལ་མཚོན་ཆེད་བཀྲ་ཤིས་གཞོལ་པ་གཟིགས་འབུལ་ཞུ་རྒྱུ་མ་ཟད། དགེ་འདུན་པ་ཁག་གཅིག་ནས་ཞབས་བརྟན་གསོལ་འདེབས་རྟ་དབྱངས་དང་བཙུན་དགོན་རིན་ཆེན་ཆོས་གླིང་གི་བཙུན་མ་ཁག་གཅིག་ནས་ལེགས་སྦྱར་ཐོག་འདོད་གསོལ་འགྲོ་བདེ་མ་གསུང་རྒྱུ། དེ་ནས་ འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ལྔ་བཅུའི་དུས་དེབ་དང་། ཝ་ཎའི་མཁས་དབང་མིཤྲ་མཆོག་གིས་ས་སྐྱ་ལེགས་བཤད་སཾསྐྲིཏ། ཧིན་དི། དབྱིན་ཡིག་བཅས་སྐད་ཡིག་གསུམ་ནང་བསྒྱུར་གནང་ཡོད་པའི་ཕྱག་དེབ་དབུ་འབྱེད་གནང་རྒྱུ།
དེ་རྗེས་ཆོས་སྒར་འགན་འཛིན་དྲུང་ཆེ་བསོད་ནམས་ཆོས་རྒྱལ་ལགས་ཀྱིས་དགའ་བསུ་དང་འབྲེལ་དུས་དྲན་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་རྒྱུ། དེ་ནས་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་ཨུཏྟྲ་ཁཎྜ་མངའ་སྡེའི་བློན་ཆེན་ཧ་རི་ཤི་རཱ་ཝཏ་མཆོག་ཕེབས་མཚམས་སྣང་གསལ་ཞལ་ཕྱེ་དང་གསུང་བཤད་གནང་རྒྱུ་ཡིན་འདུག དེ་རྗེས་ཆོས་སྒར་དྲུང་ཡིག་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཧིན་སྐད་ཐོག་དང་། མཁན་པོ་འཇམ་དབྱངས་ལེགས་བཤད་ལགས་ཀྱིས་དབྱིན་སྐད་ཐོག་གསུང་བཤད་གནང་རྒྱུ་མ་ཟད། གྲའུ་མཻ་རྒན་རིན་པོ་ཆེ་མཆོག་གིས་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་ཧིན་སྐད་ཐོག་ཆེ་བསྟོད་གསུང་རྒྱུ་དང་།
གཞན་ཡང་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་མིཤྲ་མཆོག་དང་། དཔལ་ས་སྐྱའི་སྤྱི་འཐུས་ག་ཟི་ཚེ་རིང་པོ་ལགས། སྐྱབས་མཆོག་རཏྣ་བཛྲ་རིན་པོ་ཆེ་མཆོག སྐྱབས་མཆོག་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་རྗེས་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་གསུང་བཤད་གནང་གནང་རྒྱུ།
དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་རྒྱུ་དང་། སྐྱབས་མཆོག་གིས་མ་དགོན་བཤད་གྲྭའི་སློབ་དཔོན་དང་བཀའ་བཅུ་པའི་བསླབ་པ་མཐར་སོན་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་གནང་རྒྱུ་ཡིན་འདུག དེ་རྗེས་གར་འཆམ་དང་། གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག མཐར་ཆོས་སྒར་དྲུང་ཡིག་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་སྔ་དྲོའི་མཛད་རིམ་ལེགས་པར་འགྲུབ་རྒྱུ་ཡིན་འདུག
ཉིན་གཉིས་པའི་ཆོས་ཕྱོགས་ཀྱི་མཛད་རིམ་སྔ་དྲོ་ཕྱག་ཚོད་ ༠༩།༠༠ ཐོག་དབུ་འཛུགས་ཀྱིས་ འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་ནོར་བུ་བསྟན་པ་སྤྱི་དབང་བཀའ་དྲིན་སྩལ་གནང་རྒྱུ་ཡིན་འདུག