ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༧ ཉིན་དཀར་མཛེས་རྫོང་ནས་ཡིན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་གློད་བཀྲོལ་བཏང་སྟེ་ཕ་ཡུལ་དུ་འབྱོར་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། དཀར་མཛེས་རྫོང་གསེར་མཁར་ཤང་བེ་རུ་ཡུལ་ཚོ་བེ་རུ་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་གི་བཙན་གནོན་དམ་བསྒྲགས་ལ་ངོ་རྒོལ་བྱས་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་བྱས་པར་བརྟེན། དཀར་མཛེས་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟླ་བ་ ༦ ཙམ་གྱི་རིང་བཀག་ཉར་ཀྱིས་གཅར་རྡུང་མནར་གཅོད་བཏང་ཡོད་འདུག
ཕྱིས་སུ་དཀར་མཛེས་མི་མང་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་དགུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ར་རྔ་ཁའི་བཙོན་ཁང་དུ་བཅུག་ཡོད་ཀྱང་། ཁོང་གིས་བཙོན་ཁང་དུ་ངལ་རྩོལ་ཧུར་ཐག་བྱས་པར་བརྟེན། ལོ་ངོ་ ༢ ཆག་ཡང་བཏང་སྟེ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གློད་བཀྲོལ་བཏང་ཡོད་པ་དང་། རྒྱ་གཞུང་གིས་ནག་ཉེས་གཡོག་མིན་ལ་མ་ལྟོས་པར་དགོན་པ་དང་ཁྱིམ་མི་གཉེན་འབྲེལ་སོགས་ཕ་ཡུལ་གྱི་སེར་སྐྱ་མི་མང་ནས་ཁོང་ལ་ཕེབས་བསུ་ཞུས་ཡོད་འདུག
གྲྭ་བློ་བཟང་དཔལ་ལྡན་ལགས་གློད་བཀྲོལ་བཏང་བ།
གསར་གནས།

འབྲེལ་གནས།
