༢༠༡༤ ཟླ་ ༡༡ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་༣:༥༠ཡས་མས་ཙམ་ལ་ད་ལྟའི་རྒྱ་གཞུང་གིས་ཆ་བགོས་ལྟར་ན། ཟི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ། སེར་ཤུལ་རྫོང་། རྫ་ཆུ་ཁ། རྫ་སྐེད། མང་དགེ་དགོན་གྱི་གྲྭ་བསོད་ནམས་ཡར་འཕེར་ལགས་ཀྱིས་ལག་ཏུ་འཕྲེད་དར་ཐོག་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་བཟུང་ནས་བོད་ལ་རང་དབང་དགོས་པ་དང་།
༸གོང་ས་མཆོག་སྐུ་ཚེ་ཁྲིད་ལོ་བརྟན་པར་ཤོག ཅེས་པའི་འབོད་ཚིག་སྒྲོག་གིན་སེར་ཤུལ་རྫོང་ཐོག་ཏུ་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་དང་། སྐད་འབོད་བྱེད་བཞིན་པའི་སྐར་མ་ཁ་ཤས་རྗེས་ས་གནས་ཉེན་རྟོགས་པ་སླེབས་ཏེ་བཙན་ཁྲིད་བྱས་འདུག གྲྭ་བསོད་ནམས་ཡར་འཕེལ་ལགས་ནི་རང་ལོ་ ༢༢ ཡིན་པ་དང་། ཕའི་མིང་ལ་ལེགས་ཚོགས་ཡོན་ཏན་དང་། མའི་མིང་ལ་བདེ་མཚོ་ཟེར། གནས་ཚུལ་དེ་བྱུང་བའི་རྗེས་སུ་ས་གནས་ཉེན་རྟོག་པ་མང་དགེ་དགོན་དུ་འགྲོ་བཞིན་ཡོད་པ་དང་། མང་དགེ་དགོན་པའི་དགེ་འདུན་པས་དེ་སྔོན་ ༢༠༠༨ ལོར་ལྷ་སར་གསུམ་བཅུའི་དུས་དྲན་སྐབས་ཐོག་མར་ལྷ་སར་དགེ་འདུན་པ་བཅུ་བཞི་ཡིས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་ངོ་རྒོལ་གནང་མཁན་གྱི་ཁོངས་སུ་མང་དགེ་དགོན་གྱི་གྲྭ་བཟོད་པ་ལགས་ཡོད་པ་དང་། ཁོང་ལ་ལོ་ ༥ ཡི་ཁྲིམས་བཅད་ཕོག་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་གསུམ་བཅུ་དུས་དྲན་ཉིན་མང་དགེ་དགོན་པའི་དགེ་འདུན་པ་གསུམ་གྱིས་སེར་ཤུལ་རྫོང་ཐོག་ཏུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་འཛིན་བཟུང་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་འདུག ད་ལྟ་སེར་ཤུལ་རྫོང་གིས་དྲ་སྒོ་བཀག་ཟིན་པས་ས་ཆ་དེའི་གནས་ཚུལ་ཞིབ་རྒྱས་ལོན་མི་ཐུབ་པའི་གནས་སྟངས་ཆགས་འདུག ཅེས་འཁོད་འདུག