༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༢ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་བོད་དང་སོག་པོ། རྒྱ་གར། ཨུ་རུ་སུ་བཅས་རྒྱལ་ཁབ་བཞིའི་དབར་ཆོས་དང་རིག་གནས་སོགས་རྒྱལ་རབས་ལོ་རྒྱུས་ཀྱི་འབྲེལ་བའི་ “Historical and Spiritual Relations of Tibet with Russia, India and Mongolia” སྐོར་ལྷན་ཚོགས་ཤིག་ཚོགས་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་ཤར་ཕྱོགས་རིག་གནས་གཅེས་སྐྱོང་ཚོགས་པའི་ Institute of Oriental Studies ཡན་ལག་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པ་ཨུ་རུ་སུ་ཤེས་ཡོན་བསྟི་གནས་ཁང་ The Russian Academy of Sciences ཞེས་པ་འདི་ཡིན་འདུག དེ་ཡང་ལྷན་ཚོགས་གོ་སྒྲིག་གཙོ་སྐྱོང་བ་ལྕམ་སྐུ་ཊ་ཊི་ཡ་ན་ཨེལ་ཤའོ་མེན་ Dr. Tatiana L. Shaumian ལགས་ཀྱིས་སྐབས་དེར་ངོ་སྤྲོད་གནང་དོན།
བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བཀའ་དྲིན་རྗེས་འདྲེན་ཞུ་རྒྱུའི་ལོ་ཞིག་ལ་སྲུང་བརྩི་ཞུ་བཞིན་ཡོད་སྟབས། ང་ཚོས་ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བཀའ་དྲིན་རྗེས་འདྲེན་ཞུ་རྒྱུ་ཡིན། ཞེས་གསུངས་པ་དང་སྦྲགས། ཚོགས་འདུའི་གལ་གནད་སྐོར་འགྲེལ་བཤད་གནང་རྗེས་ཤར་ཕྱོགས་རིག་གནས་གཅེས་སྐྱོང་ཚོགས་པའི་འགན་འཛིན་གཞོན་པ་མཆོག་གིས་ལྷན་ཚོགས་དབུ་འབྱེད་གནང་། ཨུ་རུ་སུའི་རྒྱལ་སར་ལྷན་ཚོགས་འདི་ཐོག་མ་ཆགས་འདུག
གཞན་ཡང་སྐབས་དེར་ཆེ་བསྟོད་ཀྱི་མཚན་གནས་ཐོག་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ཁལ་མུཀ་སྤྱི་མཐུན་ཚོགས་པའི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཨུ་རུ་སུ་དམར་པོའི་དུས་སྐབས་རྗེས། ཞེས་པའི་བརྗོད་གཞི་དང་འབྲེལ་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བྷུ་རི་ཡ་ཏི་Buryatia དང་ཁལ་མུཀ Kalmykia ཐུ་ཝ་ Tuva བཅས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་རྒྱལ་ཁབ་གསུམ་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་ཇི་བྱུང་ལོ་རྒྱུས་ཀྱི་བྱུང་བ་རྣམས་འགྲེལ་བརྗོད་གནང་འདུག གཞན་ཡང་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་ནས་ཐེངས་འདིར་ལྷན་ཚོགས་གོ་སྒྲིག་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་འདྲེན་ཞུ་སླད་ལྷན་ཚོགས་དེ་འདྲ་ཞིག་གོ་སྒྲིག་ཞུས་པར་དམིགས་བསལ་བཀའ་དྲིན་ཆེ་ཞུས་ཏེ་བོད་དང་ཨུ་རུ་སུའི་དབར་དུས་རབས་ ༡༧ ནས་ ༢༡ དབར་ཡུལ་གཉིས་པོའི་དབར་ཆབ་སྲིད་དང་། ཆོས། རིག་གནས་སོགས་འབྲེལ་བ་ཇི་བྱུང་སྐོར་ལོ་རྒྱུས་ཀྱི་བྱུང་བ་བརྗོད།
དེ་རྗེས་བྷུར་ཡ་ཏི་མཁས་དབང་བཙུན་མ་ཨ་ཡི་ཨེ་སི་ཨུབ་ར་ནེ་ཝ་ Dr. I.S. Urbanaeva ལགས་ཀྱིས་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་བསྟན་སྐོར་གསལ་བཤད་གནང་བ་མ་ཟད། ཨུ་རུ་སུར་རྟེན་གཞི་བྱས་པའི་བླ་མ་གཙོང་ཁ་པའི་ཆོས་ཚོགས་ཀྱི་ཆོས་དགེ་སེར་བྱེས་ཧར་གདོང་ཁང་ཚན་གྱི་དགེ་བཤེས་ངག་དབང་ཐུགས་རྗེ་ལགས་ཀྱིས་ནང་ཆོས་དང་ཚན་རིག་སྐོར་གསུང་བཤད་གནང་འདུག དེ་བཞིན་གཙུག་ལག་རབ་འབྱམས་པ་ཨེ་སི་ཝ་ཡི་ལེ་པེ་ཀོབ་ Prof. S. Y. Lepekhovལགས་ཀྱིས་བོད་བརྒྱུད་ནང་བསྟན་གཅེས་སྐྱོང་ཐོག་འཕྲད་བཞིན་པའི་དཀའ་ངལ་དང་། རྒྱ་གར་ནང་ནང་ཆོས་བསྐྱར་གསོ་བཅས་ཀྱི་སྐོར་གསུང་བཤད་གནང་། དེ་རྗེས་ཕྱི་ལོ་ ༡༩༩༡ །༡༩༩༥ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་ཆིབས་སྒྱུར་བསྐྱངས་སྐབས་སྐུའི་གསུང་སྒྱུར་གནང་མྱོང་མཁན་འབུམ་རམ་པ་ཨེན་རེ་ཨེ་ཏེ་རེན་ཏེ་ཡེབ་ Dr. Andrey A. Terentyevལགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་གསུང་སྒྱུར་སྐབས་ཀྱི་མྱོང་ཚོར་སྐོར་གསུངས། མཐར་ལྷན་ཚོགས་གོ་སྒྲིག་གནང་མཁན་གཙོ་གྲས་དང་བོད་དོན་སྐོར་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་སར་ཇི་ཀུ་ཛི་མིན་ Dr. Sergei Kuzmin ལགས་ཀྱིས་བོད་སོག་ཡུལ་གཉིས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ “Tibetan-Mongolian Civilization” སྐོར་གསུང་བཤད་གནང་འདུག