༢༠༡༤ ཟླ་ ༡༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེམས་དང་སྲོག་གི་ཤེས་ཡོན་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཞིབ་འཇུག་ཚོགས་འདུའི་ཐོག་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་གསུང་བཤད་སྩལ་ཡོད། དེ་ཡང་སེམས་དང་སྲོག་གི་ཤེས་ཡོན་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཞིབ་འཇུག་ཚོགས་འདུ་འདིའི་ནང་རྒྱལ་ཁབ་ ༢༣ ནས་ཚན་རིག་པ་དང་། ཆོས་ལུགས་པ་སོགས་ཁྱོན་བསྡོམས་མི་གྲངས་ ༡༧༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་འཛམ་གླིང་ནང་སྙན་གྲགས་ཆེ་བ་ཨ་རིའི་ཝིས་ཀོན་སིན་གཙུག་ལག་སློབ་གྲྭའི་ (University of Wisconsin–Madison) ཀླད་རྩ་དང་སེམས་ཁམས་རིག་པའི་མཁས་དབང་རི་ཆར་ཌ་ཌེ་ཝེ་ཌ་སོན་ (Dr.Richard Davidson) ལགས་ཀྱིས་ཐོག་མའི་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན།
ལོ་ངོ་ ༢༧ སྔོན་༸གོང་ས་མཆོག་དང་ལྷན་དུ་ཚན་རིག་གི་ཚོགས་འདུའི་སྐབས་ཤིག་རི་ཆར་ཌ་ཌེ་ཝེ་ཌ་སོན་ (Richard Davidson) དང་། ཌེ་ནི་ཡལ་སྒོལ་མན (Daniel Goleman) ཧྥ་རན་སི་སི་ཁོ་ཝ་རེ་ལ་ (Francisco Varela) སོགས་ཚན་རིག་པ་ཉུང་ཤས་ཤིག་ལས་མེད་པ་དང་། དེ་རྗེས་སེམས་དང་སྲོག་གི་ཤེས་ཡོན་སློབ་གཉེར་ཁང་གསར་འཛུགས་གནང་བ་དང་། ད་ཆ་སྒྲིག་འཛུགས་འདིའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞི་སྤེལ་མུས་ཡིན་པ་རེད། ཅེས་གསུངས། སྤྱིར་ཐེངས་འདིའི་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཞིབ་འཇུག་ཚོགས་འདུ་འདི་ནི་ཚོགས་ཐེངས་གཉིས་པ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུར་ཚོགས་བཅར་བ་དེ་སྔ་ལས་ལྡབ་གཅིག་གིས་མང་བ་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གྲོགས་པོ་རྙིང་པ་དང་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར་ངོས་རང་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་དང་གཅིག་མཚུངས་རང་གི་བདེ་སྐྱིད་དེ་གཞན་ལ་རྟེན་ནས་ཡོང་གི་ཡོད་པར་ཡིད་ཆེས་བྱེད་མཁན་གྱི་མི་ཞིག་ཡིན། ང་རང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་གནས་ཡོད། དེར་བརྟེན་ང་རང་ཚོ་མིས་བཟོས་པའི་དཀའ་ངལ་དེ་དག་མིས་སེལ་ཐུབ་པ་བྱེད་དགོས།
དཀའ་ངལ་མང་དག་ཅིག་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་དབྱེད་འདུ་ཤེས་ཀྱིས་གཞན་གྱི་སྲོག་ཚུན་ཆད་རྩིས་མེད་བཏང་པར་བརྟེན་ནས་ཡོང་གི་ཡོད།
ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འདི་བཅོམ་ལྡན་འདས་ཀྱི་བཀའ་ལ་དད་པ་ཙམ་གྱི་རྗེས་སུ་འབྲང་བ་ལྟ་བུ་མ་ཡིན་པར་ཞིབ་འཇུག་བརྟག་དཔྱད་ཀྱི་རིམ་པ་བརྒྱུད་དེ་རྗེས་སུ་འབྲང་མཁན་ཞིག་ཆགས་ཡོད། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་ཆེ་ཁག་གི་ནང་དུ་གྲྭ་བཙུན་རྣམས་ཀྱིས་ཀྱང་དངོས་སུ་ཚན་རིག་གི་སློབ་ཚན་བསླབ་རྒྱུའི་ལས་གཞི་མགོ་བཙུགས་ཟིན། འདི་ནི་ངོས་དང་ཚན་རིག་པའི་དབར་ཕྱོགས་གཉིས་ཀར་ཕན་པའི་ཤེས་ཡོན་སྤེལ་རེས་ཀྱི་བགྲོ་གླེང་ལྷུག་པོ་བྱུང་བའི་ཉེར་ལེན་ལ་བསྟེན་ནས་བྱུང་བ་རེད། དེང་སྐབས་ཚན་རིག་གིས་ཀྱང་སེམས་ཞི་བདེ་ཡོད་པ་ཡིན་ན་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་གྱི་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཐུབ་ཀྱི་ཡོད།
ཚན་རིག་པ་དང་ང་ཚོ་བགྲོ་གླེང་བྱེད་པའི་སྐབས་ལ་ཐར་པ་དང་། སྐྱེ་བ་སྔ་ཕྱི་ལ་སོགས་པའི་སྐད་ཆ་ཤོད་ཀྱི་མེད། ཇི་ལྟར་མི་ཚེ་འདི་བདེ་སྐྱིད་ལྡན་པའི་ངང་བསྐྱལ་དགོས་ཀྱི་ཡོད་སྐོར་གྲོས་བསྡུར་བྱེད་ཀྱི་ཡོད། ཚན་རིག་ཡར་རྒྱས་ལ་བརྟེན་ནས་བྱུང་བའི་འབྲས་བུ་གཅིག་ནི། མིའི་སེམས་རྒྱུད་ལ་འཇིགས་སྣང་དང་དངངས་སྐྲག་སྟེར་བའི་རྡུལ་ཕྲན་མཚོན་ཆའི་རིགས་བཟོས་པ་དེ་ཡིན། ཆོས་ནི་མིའི་སེམས་ལ་ཞི་བདེ་དང་བྱམས་བརྩེ་སྤེལ་བ།
དེ་བཞིན་མཐུན་འབྲེལ་ཡོང་བའི་ཆེད་དུ་ཡིན་ཡང་། ཆོས་པ་ཡིན་ཟེར་མཁན་
ཁག་གཅིག་གིས་འཛམ་གླིང་ཞི་བདེ་དང་ལྷིང་འཇགས་ཀྱི་ཚབ་ལ་མདའ་དཀྲུག་ཕུ་དཀྲུག་བཏང་བའི་ལས་ཀ་སྔར་བྱས་ཡོད་ལ་ད་ལྟའང་ཡོང་བཞིན་ཡོད། དེར་བརྟེན་འཛམ་གླིང་འདིའི་ནང་སྔར་ལས་ཀྱང་བདེ་སྐྱིད་ཆེ་བ་བསྐྲུན་ཐབས་སུ་ངེས་པར་དུ་བསམ་གཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འཛམ་གླིང་འདིའི་མི་གྲངས་ཐེར་འབུམ་བདུན་གྱི་ནང་ནས་མི་གྲངས་ཐེར་འབུམ་གཅིག་ཆོས་ལ་དོ་སྣང་མེད་མཁན་ཡིན། ཁོང་ཚོས་ཆོས་དང་མ་འདྲེས་བའི་ཡ་རབས་བཟང་སྤྱོད་ལ་དོ་སྣང་བྱེད་སྲིད།
དེར་བརྟེན་འཛམ་གླིང་ལ་ཞབས་འདེགས་ཞུ་ཆེད་ཚན་རིག་དང་སེམས་དོན་མཉམ་རུབ་ཀྱིས་ལས་འགུལ་སྤེལ་རྒྱུ་གང་དག་ཡོད་སྐོར་ངོས་རང་ཉན་འདོད་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་ཌོག་ཊར་ཨ་མེ་ཤིས་ཇ་ (Dr Amishi Jha) ལགས་ཀྱིས་༸གོང་ས་མཆོག་གིས་ཚན་རིག་ལ་ཐུགས་སྣང་མཛད་པའི་བརྒྱུད་རིམ་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་སྐུ་གཞོན་ནུའི་དུས་ནས་གློག་དང་འབྲེལ་བའི་ཚན་རིག་གི་འཕྲུལ་ཆས་ལ་ཐུགས་སྣང་ཡོད་སྐོར་སོགས་བཀའ་ལན་མཛད། སྔ་དྲོ་སེམས་དང་སྲོག་ཤེས་ཡོན་སློབ་གཉེར་ཁང་གི་ (Mind and Life Institute) གོ་སྒྲིག་ལྟར་བྷོ་སི་ཊོན་མེ་རི་ཡ་ཊ་ཀོབ་ལེ་ (Boston Marriott Copley) རུ་སྒོམ་སྒྲུབ་ཉམས་ལེན་གྱི་ཉམས་ཞིབ་ཐོག་རྒྱལ་སྤྱིའི་ཚོགས་འདུ་ (International Symposium for Contemplative Studies) ལེགས་པར་གྲུབ་པ་དང་།ཉིན་རྒྱབ་ཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་སེམས་ཀྱི་འགྱུར་བའི་རིན་ཐང་སྦྱོང་བརྡར་ལྟེ་གནས་ (The Dalai Lama Centre for Ethics and Transformative Values) ཁང་གི་གོ་སྒྲིག་ལྟར་མེ་ས་ཆུ་སེ་ཊི་འཕྲུལ་རིག་མཐོ་སློབ་ཏུ་ (Massachusetts institute of technology) འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་མཁན་རླབས་ཆེན་མི་སྣའི་ཚོགས་འདུའི་བགྲོ་གླེང་ལྷན་ཚོགས་སུ་དབུ་བཞུགས་མཛད་ཡོད་པ་དང། དེ་རྗེས་གཞོན་སྐྱེས་ཚོ་དང་ལྷན་དུ་ད་ལྟ་དང་མ་འོངས་པའི་མདུན་ལམ་དང་རེ་བའི་སྐོར་ལ་ཚོགས་འདུ་བཅས་ཉིན་དེའི་མཛད་རིམ་ཁག་ལེགས་པར་མཇུག་སྒྲིལ་ཡོད།