༢༠༡༤ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ཝཱར་ཎ་མཐོ་སློབ་ཏུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་སློབ་ཟུར་རྣམས་ཀྱིས་སྣེ་ཁྲིད་དེ་དགེ་ལས་སློབ་ཕྲུག་ཡོངས་ནས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མངོན་བསྟོད་ཀྱི་མཛད་གོ་ཞིག་སྒྲིག་ཞུས་ཡོད། དེ་ཡང་སྔ་དྲོ་ཐོག་མར་སློབ་གྲྭའི་དུས་འཁོར་ཐང་ཆེན་དུ་བསང་གསོལ་བཏང་རྗེས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་སློབ་ཟུར་རྣམས་དང་། དགེ་ལས་སློབ་ཕྲུག་སེར་སྐྱ་མི་མང་ ༡༠༠༠ ལྷག་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་གནང་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་སློབ་གྲྭའི་ཨ་ཏི་ཤཱ་ཚོམས་ཆེན་དུ་མཛད་སྒོ་དངོས་གཞི་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། རིན་པོ་ཆེ་མཆོག་དང་ཡུན་རིང་ཐུགས་འདྲིས་ཆེ་བའི་གྲོགས་པོ་རྒྱ་གར་གྱི་གྲགས་ཅན་མཁས་དབང་ཀྲིཤྣཱ་ནཱཐ་(Prof.Kirashnanath) མཆོག་གིས་གཙོས་རྒྱ་གར་གྱི་མཁས་དབང་གཞན་ལྔ། བཀའ་ཟུར་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་ཚོགས་ཟུར་པདྨ་འབྱུང་གནས་ལགས་རྣམ་གཉིས་གཙོ་བྱས་ཏེ། སློབ་ཟུར་རྣམས་དང་དགེ་ལས་སློབ་ཕྲུག་ཡོངས། ཟབ་སྦྱོང་དུ་ཕེབས་ཡོད་པའི་བྷུན་ཐར་དགེ་འོས་སློབ་གྲྭའི་དགེ་ལས་སློབ་མ། རྡ་ས་ནས་འཁྲུངས་སྐར་ལ་ཆེད་བཅར་ཞུས་པའི་རྒྱུད་སྟོད་གྲྭ་ཚང་གི་སྐུ་ཚབ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་དང་མི་མང་བཅས་ཁྱོན་མི་ ༢༠༠༠ ལྷག་འཛོམས་ཡོད་འདུག
མཛད་སྒོའི་ཐོག་མར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་༸གོང་ས་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
འབྲས་བློ་གླིང་མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་དོན་ལྔར་སོན་པའི་སྐྱེས་སྐར་ལ་ཝཱ་ར་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་པ་ཡོངས་ནས་དཀའ་དྲིན་རྗེས་དྲན་ཆེད་མངོན་བསྟོད་ཀྱི་དུས་དྲན་སྲུང་བརྩི་དང་འབྲེལ། གཙུག་ལག་སློབ་གཉེར་ཁང་གི་བྱུང་རིམ་ལོ་རྒྱུས་འཁོད་པའི་དྲན་རྟེན་གླེགས་བམ་ཞིག་འདོན་སྤེལ་བགྱིས་པར་ཡི་རང་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཡོད།
རང་རེ་བཙན་བྱོལ་དུ་འབྱོར་རྗེས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་དགོས་གལ་ཛ་དྲག་ཏུ་མཐོང་སྟེ། འདི་ནས་བཀོད་མངགས་བགྱིས་པ་ལྟར། རིན་པོ་ཆེ་ཉིད་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ཁག་ཏུ་ལྷག་བསམ་སྙིང་སྟོབས་ཆེན་པོས་རྐང་འགན་བཞེས་པའི་མཛད་རྗེས་ཝཱ་ཎ་ཡི་ལོ་རྒྱུས་གླེགས་བམ་ནང་འཁོད་ཡོད་པ་ལྟར་དང་། དེ་བཞིན་མང་གཙོའི་ལམ་སྲོལ་དུས་བསྟུན་འཕེལ་རྒྱས་ཆེད་ལམ་དུ་བཀྲི་ཕྱིར་ངོས་ནས་ཐད་བསྐོས་སྤྱི་འཐུས་བསྐོ་བཞག་བགྱིས་པ་དང་ལེན་གྱིས་སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་བཟུང་། སྐབས་གཉིས་ཀྱི་ཚོགས་གཙོ་ཡི་འགན་འཁུར་རིང་ཁྲིམས་སྒྲིག་ཡིག་ཆ་མང་པོ་གཏན་འབེབས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་དང་། དེ་རྗེས་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མིའི་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་མོས་ཐོབ་སྟེ། དེ་ནས་སྐབས་གཉིས་རིང་ཆབ་སྲིད་ཀྱི་འགན་དབང་གང་ཅིར་འཐུས་ཤོར་མེད་པར་མདུན་བསྐྱོད་བྱེད་ཐུབ་པ་བྱུང་ཞིང་། མི་ལོ་ལྔ་བཅུ་བརྒལ་བའི་རིང་འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་གི་དུས་སྐབས་འདིར་བྱས་རྗེས་ཆེན་པོ་བྱུང་ཡོད། ཅེས་སོགས་ཀྱི་གསུང་འཕྲིན་སྩལ།