༢༠༡༤ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཝེན་ཁུ་ཝར་ནང་མཛད་འཕྲིན་དབུ་འཛུགས་ཀྱིས་དེ་རྗེས་ཕྱི་ཚེས་ ༢༥ ཉིན་ནས་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་བྷར་མིང་ཧམ་དང་ནིའུ་ཇར་སིའི་གྲོང་ཁྱེར་པི་རིན་སི་ཊོན། བྷོ་སོ་ཊོན་མངའ་སྡེའི་གྲོང་ཁྱེར་མེ་ས་ཆུ་སི་ཊི། དེ་བཞིན་གྲོང་ཁྱེར་ནིའུ་ཡོཀ་བཅས་ཀྱི་ནང་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ། ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ནང་བཀའ་སློབ། དེ་བཞིན་གཙུག་ལག་སློབ་གྲྭ་སོགས་ནང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ། གཞན་ཡང་གྲོས་ཚོགས་དང་ཚོང་རིག་ལས་དོན་གྱི་འཐུས་མི་རྣམས་ལ་བཀའ་སློབ་དང་། བོད་རིགས་དང་རྒྱ་རིགས་མང་ཚོགས་རྣམས་ལ་མཇལ་ཁ་དང་བཀའ་སློབ། དེ་བཞིན་གསར་འགོད་པའི་དྲི་བར་བཀའ་ལན་མཛད་པ་སོགས་མཛད་འཕྲིན་ཧ་ཅང་རྒྱ་ཆེ་བསྐྱངས་ཡོད་པ་ཁག་རེ་ཞིག་ལེགས་པར་གྲུབ་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༧ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་རྡ་ས་གྷ་གལ་གནམ་ཐང་དུ་ཕྱི་ཚེས་ ༧ སྔ་དྲོ་༸ཞབས་སོར་འཁོད་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས། དེ་བཞིན་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་སོགས་དང་ཕོ་བྲང་ཕྱི་རོལ་དུ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་གདུག་སྤོས་ཐོག་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག