༢༠༡༤ ཟླ་ ༡༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོ་སི་ཊོན་ནང་རྟེན་གཞི་བྱས་པའི་མི་སི་ཆུ་སི་ཊི་འཕྲུལ་རིག་མཐོ་སློབ་ཏུ་ MITཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་བསམ་བློའི་བཅོས་འགྱུར་གྱི་རིན་ཐང་སྦྱོང་བརྡར་བསྟི་གནས་ The Dalai Lama Centre for Ethics and Transformative Values ཁང་གི་གོ་སྒྲིག་འོག འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐབས་གནང་མཁན་གྱི་མི་སྣ་ Change-Makers for a Better World ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཚོགས་འདུར་ལྷན་བཞུགས་མཛད་ཡོད། བགྲོ་གླེང་གི་ཚོགས་འདུ་འདི་བཞིན་རིམ་པ་གཉིས་སུ་ཕྱེ་ཡོད། དང་པོ་ནི། གཙོ་བོ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན། གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་བབ་དང་། དེ་འགོག་ཐབས་སུ་སྤྱི་སྒེར་སོ་སོའི་བྱ་ཐབས་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་ཡོད།
དེ་ཡང་ལྷན་ཚོགས་ཀྱི་ལས་རིམ་གཙོ་སྐྱོང་བ་མི་སི་ཆུ་སི་ཊི་འཕྲུལ་རིག་མཐོ་སློབ་ཀྱི་སློབ་དཔོན་མ་ཌེ་བོ་ར་ Deborah Ancona ལགས་ཀྱིས་གསུང་དོན། རྡོ་སོལ་དང་རྡོ་སྣུམ་ཤུགས་ཆེ་བསྲེགས་པའི་རྐྱེན་གྱིས་ཁོར་ཡུག་ནང་ནག་རྫས་དུག་རླངས་ཀྱིས་ཁྱབ་ནས་གོ་ལའི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པ་མ་ཟད། འཇིགས་སྣང་སྐྱེས་དགོས་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད། འོན་ཀྱང་འཛམ་གླིང་ཁོར་ཡུག་ཉམས་ཆག་ཤུགས་ཆེ་འགྲོ་བཞིན་པའི་གནས་སྟངས་འདི་ཇི་ལྟར་འགོག་ཐུབ་ཅེས་ན། དེ་ནི་མི་སྒེར་སོ་སོའི་ངོས་ནས་ལས་འགུལ་སྤེལ་བ་ཙམ་གྱིས་མི་འདང་བར་སྤྱི་ཚོགས་ཁྱོན་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱི་ནུས་པ་མཉམ་སྤུངས་ཐོག་ནས་འབད་བརྩོན་གནང་ཐུབ་ཚེ་གྲུབ་འབྲས་ཐོན་ཐུབ་རྒྱུ་ཡིན། ཉེ་ཆར་ནིའུ་ཡོཀ་གྲོང་ཁྱེར་ནང་མང་ཚོགས་འབུམ་བཞི་ཙམ་འདུ་འཛོམས་ཀྱིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་བྱེད་དགོས་པའི་ལས་འགུལ་གཞི་རྒྱ་ཧ་ཅང་ཆེན་པོ་ཞིག་སྤེལ་བ་དེས་མང་ཚོགས་ཁྲོད་ཁོར་ཡུག་ཐོག་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྣམ་པ་གསལ་པོ་ཞིག་མཚོན་ཐུབ། ཅེས་གསུངས་འདུག
དེ་བཞིན་མི་སི་ཆུ་སི་ཊི་འཕྲུལ་རིག་མཐོ་སློབ་ཀྱི་སློབ་དཔོན་ཇོན་སི་ཊར་མེན་ John Sterman ལགས་ཀྱིས་དཔལ་འབྱོར་ཁོ་ནར་དམིགས་མཁན་དང་དོང་སྔོག་བྱེད་མཁན་ཚོས་འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པ་དེ་དངོས་ཡོད་གནས་ཚུལ་མིན་ཚུལ་གྱི་འཁྱོག་བཤད་དང་། ཡང་འགའ་ཤས་ཀྱི་ཚ་དྲོད་རྒྱས་བཞིན་ཡོད་ནའང་ཛ་དྲག་གི་རང་བཞིན་གང་ཡང་མེད་ཚུལ་སོགས་འགྲེལ་བརྗོད་ལོག་པ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་ནའང་། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་ལྟར་ན། ལོ་ལྟར་འཛམ་གླིང་ནང་ནག་རྫས་དུག་རླངས་ཀྱི་རྐྱེན་པས་མི་ས་ཡ་བདུན་ཙམ་འདས་གྲོངས་སུ་འགྲོ་བཞིན་ཡོད་པའི་གནས་ཚུལ་གསལ་སྟོན་བྱས་ཡོད། དེར་བརྟེན་སྙན་ཐོ་དེ་ལས་གནས་སྟངས་ཚབས་ཆེ་ཆུང་ཇི་ཙམ་ཡིན་མིན་ང་ཚོས་རྟོགས་ཐུབ། ཅེས་གསུངས་བསྟུན། ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོང་ལས་དང་སྤྱི་ཁྱབ་འཛིན་སྐྱོང་སློབ་གཉེར་ཚན་པའི་རེ་བྷེ་ཀ་ཧེན་ཌར་སན་ Rebecca Henderson ལགས་ཀྱིས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་འདི་འགོག་ཐབས་སུ་དཔལ་འབྱོར་དང་འཕྲུལ་རིག་གི་མ་འདང་བའི་གནས་ཚུལ་ཞིག་མིན་པ་འགྲེལ་བརྗོད་གནང་འདུག
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་གནད་དོན་ནི་ཡུལ་གྲུ་བྱེ་བྲག་པ་གཅིག་དང་གླིང་ཕྲན་བྱེ་བྲག་པ་གཅིག་ཁོ་ནའི་གནད་དོན་ཞིག་རྩ་བ་ནས་མིན། དེ་ནི་འཛམ་གླིང་འདིའི་སྟེང་ཡོད་པའི་འགྲོ་བ་མི་འཐེར་འབུམ་བདུན་གྱི་མདུན་ལམ་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད། དཀའ་ངལ་དེ་དག་སེལ་བའི་ནུས་པ་ཡོད་མཁན་ཚོས་རང་ཉིད་ཀྱི་འཕྲལ་གསལ་ཁེ་ཕན་ཁོ་ནར་མ་དམིགས་པར། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་དངོས་ཡོད་གནས་ལུགས་ངོ་འཕྲོད་པའི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་བྱེད་དགོས། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་འཛིན་པའི་སྒོ་ནས་གཞན་གྱི་བདེ་སྡུག་ལ་བསམ་ཤེས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཆགས་ཡོད། ངོས་ཀྱི་ཕུགས་ཀྱི་ཁེ་ཕན་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་དང་འབྲེལ་བ་ཆགས་ཡོད། གལ་ཏེ་འགྲོ་བ་མི་རིགས་རྣམས་བདེ་བ་དང་ལྡན་ཚེ་ངོས་རང་ལའང་བདེ་སྐྱིད་འབྱུང་རྒྱུ་དང་། གལ་ཏེ་འགྲོ་བ་མིའི་རིགས་ལ་སྡུག་བསྔལ་བྱུང་ཚེ་ངོས་རང་གཅིག་པུ་སྡུག་བསྔལ་དེ་ལས་ཐར་ཐབས་མེད་ལ་མི་གཞན་སུ་ཞིག་ཀྱང་སྡུག་བསྔལ་དེ་ལས་ཐར་ཐབས་མེད་པ་ཞིག་རེད།
ངོས་རང་དཔལ་ན་ལེནྡྲའི་ལྟ་གྲུབ་ལ་སློབ་གཉེར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འགན་ཁུར་ལྡན་ཞིང་ངོ་ཐོག་ལག་ལེན་དུ་འགེལ་ནུས་པའི་གཞན་ཕན་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོར་ཡུག་ལ་སོགས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་སེལ་ཆེད་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བརྒྱུད་ལམ་དེ་དག་གིས་ཉིན་ལྟར་མི་གསོད་ཁྲག་སྦྱོར་ལ་སོགས་པའི་ཞེན་ཆའི་རིགས་ཁོ་ན་དྲིལ་བསྒྲགས་མ་གནང་བར། སྤྱི་ཚོགས་བཟང་ཕྱོགས་ཀྱི་གནད་དོན་ཁག་ཀྱང་མང་ཚོགས་ཁྲོད་དྲིལ་བསྒྲགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེས་མང་ཚོགས་ཀྱི་སེམས་ཁམས་ལ་བག་ཆགས་བཟང་པོ་ཞིག་སྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། སྤྱི་ཚོགས་ནང་གི་དཀའ་ངལ་དེ་དག་སེལ་རྒྱུར་མང་ཚོགས་ལ་སེམས་འགུལ་ཡང་ཐེབས་ཐུབ། འཛམ་གླིང་འདིའི་ནང་ཉིན་རེ་བཞིན་མི་འབོར་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར་སྤྱི་ཚོགས་ཀྱི་ཁྲོད་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཆགས་ཡོད། མང་ཚོགས་དབུལ་པོ་དེ་དག་ལ་སྤྱི་ཚོགས་ནང་དབྱེ་འབྱེད་མ་བྱས་པར་དབུལ་ཕོངས་ཉམ་ཐག་ཚོའི་འཚོ་བ་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་འཕྲུལ་རིག་མཐོ་སློབ་དེའི་བགྲོ་གླེང་རིམ་པ་གཉིས་པའི་ཐོག་མཉམ་ཞུགས་གནང་མཁན་ཁུལ་དེའི་ནང་གི་སྤྱི་ཚོགས་ཁྲོད་ཕན་པའི་ལས་དོན་སྒྲུབ་མཁན་ན་གཞོན་སློབ་མ་ཁག་གཅིག་དང་ལྷན་གླེང་མོལ་མཛད་སྐབས། ༸གོང་ས་མཆོག་གིས་འདས་པའི་ལོ་ངོ་བདུན་ཅུ་ལྷག་གི་རིང་འཛམ་གླིང་འདིའི་སྟེང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་འགྲོས་དང་། དེ་བཞིན་སྤྱི་ཚོགས་ནང་གི་མང་ཚོགས་ཁྲོད་གཞན་ཕན་གྱི་ཀུན་སློང་སོགས་བཟང་ངན་གྱི་འགྱུར་བ་གང་ཕྱིན་མིན་རྣམས་མགོན་པོ་གང་ཉིད་མཆོག་སྐུ་སྒེར་གྱི་མྱོང་ཚོར་དང་སྦྲགས་ཏེ་འགྲེལ་བརྗོད་མཛད་ཡོད་པ་མ་ཟད། དེང་སྐབས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་། གནའ་དུས་སྐབས་ཡིན་ན་རང་གི་དགྲ་བོར་ཕམ་ཁ་འབྱིན་ཐུབ་ཚེ་རང་ཉིད་ལ་རྒྱལ་ཁ་ཐོབ་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང་དེང་སྐབས་རྡུལ་ཕྲན་མཚོན་ཆའི་དུས་སྐབས་འདིར་རང་གི་དགྲ་བོར་རྒོལ་བརྡུང་བཏང་ནས་མེད་པ་བཟོ་ཐབས་བྱས་ཚེ་དེ་ནི་རང་ཉིད་ཀྱང་རྩ་མེད་འགྲོ་རྒྱུ་ལས་རང་རྒྱལ་གཞན་ཕམ་ཟེར་བའི་དུས་ཚོད་ད་ཆ་ཡོལ་ཟིན་པའི་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་དེང་སྐབས་འཛམ་གླིང་གི་གནས་སྟངས་ནི་མི་སྒེར་གྱི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཆགས་ཟིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་འདུག