༢༠༡༤ ཟླ་ ༡༡ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༤ ཉིན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་ཀྱི་ཁོར་ཡུག་དང་། དཔལ་འབྱོར། འཛུགས་སྐྲུན་བཅས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཨ་རི་ཀོ་ལ་རཱ་ཊོ་གཙུག་ལག་སློབ་གཉེར་ཁང་གི་ས་ཁམས་རིག་པ་སྡེ་ཚན་གྱི་འགན་འཛིན་ལྕམ་ཨེ་མཱི་ལཱི་ཡེ་ལགས། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། གསུང་བཤད་གནང་མཁན་ཁག་དང་། སྲི་ཞུའི་ལས་བྱེད་ཁག་གཅིག་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་ད་ལྟའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་གནད་དོན་སྐོར་ཞིབ་རྒྱས་འགྲེལ་བཤད་རྒྱག་ཐུབ་པར་སྦྱོང་བརྡར་དང་འབྲེལ། ཉམས་ཞིབ་པ་སོ་སོས་གང་ཤེས་པ་རྣམས་མི་གཞན་གྱིས་ཤེས་པ་བྱས་ཏེ་ཞིབ་བསྡུར་དང་། ཁོ་ཚོའི་སེམས་ཤུགས་སྤར་ཆེད་དུ་དམིགས་པ་ཞིག་ཡིན། ལོ་མང་རིང་བོད་ཀྱི་ས་གནས་རང་ལ་ཉམས་ཞིབ་གནང་མཁན་ཚོ་ཚུར་གདན་འདྲེན་ཞུས་ཏེ། ང་ཚོ་ཉམས་ཞིབ་པ་ཚོས་ཁོང་ཚོ་ལྟར་མིག་དཔེ་ལྟ་སའི་གཞི་རྩ་སྐྲུན་ཆེད་ཀྱང་ཡིན། དེ་རིང་འདིར་མགྲོན་འབོད་བྱས་པའི་མཁས་དབང་ལྕམ་ཨེ་མཱི་ལཱི་ཡེ་ལགས་ལ་མཚོན་ན། བོད་ཀྱི་རྒྱལ་ས་ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་སྦྱངས་ཏེ། བོད་ནང་གི་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་སྐོར་ལ་ཉམས་ཞིབ་བྱས་པའི་སྐོར་ལ་བགྲོ་གླེང་གནང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བགྲོ་གླེང་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། “བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བོད་ནང་གི་སྲིད་ཇུས་ཁག་ལ་ཐུགས་སྣང་གནང་དགོས་རྒྱུ་ཧ་ཅང་གནད་འགག་ཅིག་ཆགས་ཡོད། གང་ཡིན་ཟེར་ན། བོད་ནང་གི་འབྲོག་པ་དང་། ཞིང་པ། གྲོང་ཁྱེར་ཁག་གི་ནང་སྲིད་ཇུས་དེ་དག་ལག་བསྟར་བྱེད་སྐབས། ཕྱོགས་མང་པོ་ཞིག་དང་འབྲེལ་ནས་ཤན་ཤུགས་ཐེབས་ཀྱི་ཡོད། ལྷག་པར་ང་ཚོ་བོད་མི་ཡིན་པའི་ཆ་ནས་གནས་ཚུལ་དེ་དག་ཐོག་ཐུགས་སྣང་དགོས་པ་མ་ཟད། སྲིད་ཇུས་ཉམས་ཞིབ་ཁང་འདི་བརྒྱུད་མང་ཚོགས་ལ་གནད་དོན་དེ་ཚོའི་ཐོག་དོ་སྣང་དགོས་པའི་སྐུལ་མ་གནང་དགོས་རྒྱུ་གལ་ཆེན་པོ་རེད། ད་ལྟའི་བར་བོད་ནང་གི་སྲིད་བྱུས་སྐོར་ལ་ཞིབ་འཇུག་གནང་མཁན་མང་ཆེ་བ་ཕྱི་རྒྱལ་མི་རིགས་རེད། སྤྱིར་བཏང་ཡག་པོ་རེད། འོན་ཀྱང་དེང་སང་སྔར་དང་མི་འདྲ་བར་བོད་མིའི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད་སྟབས། བོད་པ་རང་གིས་བོད་ནང་གི་སྲིད་བྱུས་དག་ལ་ཞིབ་འཇུག་ཚད་ལྡན་གནང་ཐབས་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེང་སང་ཨ་རི་དང་། རྒྱ་གར། ཡུ་རོབ་སོགས་ཀྱི་སློབ་གྲྭ་ཆེན་མོ་ཁག་གི་ནང་བོད་མིའི་ཞིབ་འཇུག་སློབ་མ་མང་དུ་འགྲོ་གི་ཡོད་པར་བརྟེན། གནད་དོན་དེ་ཚོའི་ཐོག་ཞིབ་འཇུག་བྱ་རྒྱུའི་ཤེས་ཚད་འདང་གི་མི་འདུག་ཟེར་བའི་གནས་སྟངས་དེ་ཡོད་མ་རེད། བོད་ནང་ཁུལ་ཡིན་ན་ས་ཆ་མང་པོའི་ནང་བོད་ཡིག་བརྒྱུད་ནས་སློབ་སྦྱོང་བྱེད་མཁན་མང་ཆེ་བ་ཞིང་པ་དང་འབྲོག་པའི་བུ་ཕྲུག་ཚོ་རེད། རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་ཚོའི་བུ་ཕྲུག་མང་ཆེ་བ་རྒྱ་ཡིག་སློབ་གྲྭའི་ནང་འགྲོ་གི་ཡོད་ཀྱང་། ཁོང་ཚོར་མཚོན་ནའང་སོ་སོ་བོད་པ་ཡིན་བསམ་པའི་སྤོབས་པ་དང་སེམས་ཤུགས་ཡོད། དེར་བརྟེན་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཁག་ནང་ཡོད་པའི་བོད་རིགས་སློབ་མ་ཚོས་བོད་ཡིག་དང་རྒྱ་ཡིག་གང་རུང་ཐོག་སློབ་སྦྱོང་བྱས་པ་བརྒྱུད་དེ། བོད་ནང་གི་སྲིད་བྱུས་དག་གི་སྐོར་ལ་ཞིབ་འཇུག་མང་པོ་བྱ་རྒྱུ་ཡོད། གང་ཡིན་ཟེར་ན། སོ་སོ་ས་གནས་མང་ཚོགས་དང་ས་གནས་ས་ཐོག་རང་དུ་འགྲོ་ཐུབ་ཀྱི་ཡོད་སྟབས། དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པ་ཞིག་ཆགས་ཡོད།
ང་ཚོ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་བོད་དོན་བདེན་མཐའ་གསལ་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་ཡིན་པ་དང་། བོད་དོན་བདེན་མཐའ་གསལ་དགོས་དོན་གཙོ་བོ་བོད་རིགས་མང་ཚོགས་ལ་བདེ་སྐྱིད་ཡོང་དགོས་པ་དེ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་ཚོགས་འདུ་གཙོ་སྐྱོང་བ་བློ་བཟང་ལགས་ཀྱིས་གཙོ་སྐྱོང་འོག་གཏམ་བཤད་པ་ལྕམ་ཨེ་མཱི་ལཱི་ཡེ་ལགས་ཀྱིས་བོད་ལྗོངས་ཀྱི་རྣམ་པ་སྒྱུར་བ་དང་རྒྱ་ནག་གིས་འཛུགས་སྐྲུན་ལག་རྟགས་ཞེས་ཁོང་རང་ཉིད་ཀྱིས་བརྩམས་པའི་དེབ་ (TAMING TIBET) ལས་འཕྲོད་དེ་གསུང་བཤད་གནང་བ་དང་། དེ་ནས་ཉམས་ཞིབ་པ་འཕྲིན་ལས་དབང་སྟོབས་ལགས་ཀྱིས་༼འབྲོག་པ་གནས་སྤོ།༽ ཉམས་ཞིབ་པ་བསྟན་འཛིན་བདེ་ལྡན་ལགས་ཀྱིས་༼བོད་ནང་གི་མེ་འཁོར་ལྕགས་ལམ་ལ་བརྟེན་ནས་དམག་དོན་དང་དཔལ་འབྱོར་གྱི་རྗེས་འབྲས།༽ ཉམས་ཞིབ་པ་བྱམས་པ་བསྟན་འཛིན་ལགས་ཀྱིས་༼གནའ་དེང་བོད་ཀྱི་དཔལ་འབྱོར་དཔྱད་གླེང་།༽ ཉམས་ཞིབ་པ་བསྟན་འཛིན་པདྨ་ལགས་ཀྱིས་༼བོད་ནང་གི་དཔེ་སྟོན་སློབ་གྲྭ་འགའ།༽ ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་༼རྒྱ་དཀར་ནག་གི་འབྲེལ་བ།༽ རྩོམ་པ་པོ་ལྕམ་ཨེ་མཱིལཱི་ཡེ་ལགས་ཀྱིས་༼བོད་ཀྱི་འབྲོག་པར་འཕྲད་པའི་དཀའ་ངལ་ཁྲོད་ནས་བྱེ་བྲག་གནམ་གཤིས་འགྱུར་ལྡོག་སྐོར་གླེང་བ།༽ ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་༼བོད་ཀྱི་གནས་རི་དང་། དེའི་རིག་གཞུང་། ཁོར་ཡུག་བཅས་ཀྱི་གལ་གནད།༽ ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟེན་ལགས་ཀྱིས་༼ཞི་ཅིང་ཕིང་གིས་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐུབ་བམ༽ཞེས་པའི་བརྗོད་གཞི་ཁག་གི་ཐོག་གཏམ་བཤད་རིམ་བཞིན་གནང་གྲུབ་མཚམས་འགན་འཛིན་གཞོན་པ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་མཇུག་བསྡུའི་ཐུགས་རྗེ་ཆེ་ཞུས་ཡོད།།