༢༠༡༤ ཟླ་ ༡༡ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་འཛིན་ཁང་ནང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་སྐར་ཉིན་དང་སྟབས་བསྟུན་ཁོང་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གི་གོ་སྒྲིག་ལམ་སྟོན་འོག་སློབ་གྲྭའི་གློག་བརྙན་དུས་སྟོན་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། ཤེས་རིག་ཚན་པ་ཁག་གི་འགན་འཛིན་རྣམ་པ། དཔེ་སྟོན་སློབ་གྲྭའི་སློབ་སྤྱི། སྐུ་མགྲོན་རྣམ་པ། ཕ་མའི་ཚོགས་ཚུང་གི་ཚོགས་གཙོ། དགེ་ལས་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སློབ་ཕྲུག་ཁག་གཅིག་གིས་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་རྗེས་དྲན་གྱི་གླུ་དབྱངས་བཏང་གྲུབ་མཚམས་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་སློབ་གྲྭའི་གློག་བརྙན་དུས་སྟོན་དངོས་སུ་དབུ་འཛུགས་ཀྱིས་སམ་བྷོ་ཊའི་ཁྱབ་ཁོངས་སྤོན་ཌ་དང་། ཅོན་ཏ་ར་གཏན་སློབ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཅས་ཀྱི་གློག་བརྙན་སྡེ་ཚན་ནས་བཟོ་སྐྲུན་བྱས་པའི་དུས་ཐུང་གློག་བརྙན་ཁག་དགུ་བསྟན། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་སྦྲགས་ཐོག་མར་ངས་འདིར་འདུས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་ལས་རིམ་འདིའི་ཐོག་ངས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། དུས་ཐུང་གློག་བརྙན་ཁག་གི་སྤུས་ཚད་ཧ་ཅང་ཡག་པོ་འདུག
བོད་མི་སྤྱི་དང་ལྷག་པར་བཙན་བྱོལ་ནང་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་པའི་སྐད་ཡིག་བོད་མི་རང་གིས་སྲུང་སྐྱོབ་མ་བྱས་ན་གཞན་གྱིས་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་ཁག་པོ་རེད། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་རིམ་ནང་སྐད་ཡིག་མེད་པ་ཆགས་རྒྱུའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་རྣམས་ནི། གཞུང་གི་སྲིད་བྱུས་ཐོག་ནས་དམ་བསྒྲགས་བཀག་འགོག་བྱ་རྒྱུ་དང་། ཡང་ན་མི་སྒེར་སོ་སོས་རང་གི་སྐད་ཡིག་དེར་དོ་སྣང་མ་བྱས་པར་སྣང་ཆུང་ལྷོད་གཡེང་དུ་བཏང་བ་བཅས་ཕྱི་ནང་གི་རྐྱེན་གཉིས་ཡོད། ང་ཚོ་བོད་པའི་སྐད་ཡིག་ལ་ཉན་ཁ་འདི་གཉིས་འཕྲད་བཞིན་ཡོད་པ་ལྟ་བུ་ཆགས་འདུག དེར་བརྟེན་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་རྒྱུའི་ཉེན་ཚབས་ཆེན་པོ་འདུག བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་སྲིད་བྱུས་རང་གི་ཐོག་ནས་དམ་བསྒྲགས་བྱེད་མུས་ཡིན། བཙན་བྱོལ་ནང་དུའང་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆུང་བའི་རྐྱེན་གྱིས་བོད་ཀྱི་སྐད་ཡིག་ད་ཆ་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་བྱེ་ཆེར་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།