ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༧ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་འོག་ (Desktop Publication) གློག་ཀླད་ནང་དཔེ་དེབ་བཀོད་སྒྲིག་བྱ་ཐབས་ཀྱི་སྒྱུ་རྩལ་ཟབ་སྦྱོང་ཞིག་འགོ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་། འཛིན་སྐྱོང་འགན་འཛིན་ཡེ་ཤེས་དབང་མོ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་བོད་དབྱིན་གཉིས་ཀྱི་གསར་འགྱུར་སྡེ་ཚན་ཁག འགྲེམས་སྟོན་ཚན་པ། རྩོམ་སྒྱུར་དང་པར་བསྐྲུན་ཚན་པ། ཀམ་པུ་ཊར་ཚན་པ་བཅས་ཀྱི་འབྲེལ་ཡོད་སྲི་ཞུའི་ལས་བྱེད་ཁག་གཅིག་བཅས་ལྷན་འཛོམས་ཀྱི་ཐོག་མར་དྲིལ་བསྒྲགས་དྲུང་ཆེས་གསུང་བཤད་གནང་དོན། ཕྱི་དྲིལ་ལས་ཁུངས་ངོས་ནས་འབྲེལ་ཡོད་སྡེ་ཚན་ཁག་ལ་གཟའ་འཁོར་གཉིས་རིང་ཟབ་སྦྱོང་གལ་ཆེན་པོ་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་འདིར་ངས་ཚིག་འགའ་ཤས་ཤིག་ཞུ་ན་བསམ་བྱུང་།
གཟའ་འཁོར་དང་པོ་དེར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྨང་གཞིའི་ཟབ་ཁྲིད་གནང་རྒྱུ་དང་། གཟའ་འཁོར་གཉིས་པའི་སྐབས་ཆེད་ལས་པས་ཟབ་ཁྲིད་གནང་རྒྱུ་དེ་གནད་འགག་ཆེན་པོ་རྩི་བཞིན་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་སོ་སོའི་ལས་དོན་དང་མཚུངས་པའི་ཐོག་ནས་གང་ཅིའི་ཐོག་ཐོས་རྒྱ་དང་མཐོང་རྒྱ་ཆེ་རུ་བཏང་རྒྱུ་དང་། སོ་སོའི་ལས་འགན་དེང་དུས་ཀྱི་ཤེས་ཆད་དང་ལག་ཤེས། འགྲོ་སྟངས་དང་མཐུན་པ། ལྷག་པར་གང་ཅིའི་ཐོག་རང་རྐྱ་ཐུབ་པ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ལས་བྱེད་ཚོའི་ཉམས་མྱོང་དང་། སྦྱོང་བརྡར་སོགས་གང་ཅིའི་ཐད་ཉམས་མྱོང་སྔར་ལྷག་གསོག་ཆེད་དེང་དུས་ཀྱི་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་སྟངས་སྐོར་དང་། འདྲ་དཔར་གྱི་ལག་ལེན། གཏམ་བཤད་བྱེད་སྟངས། གསར་འགོད་དང་འབྲེལ་བའི་ཟབ་སྦྱོང་སོགས་ཟབ་སྦྱོང་མང་པོ་ཞིག་གོ་སྒྲིག་ཞུས་ཡོད།
དེ་རིང་ནས་བཟུང་གཟའ་འཁོར་གཉིས་རིང་ཟབ་སྦྱོང་སྐབས་ཚང་མས་གཏིང་ཟབ་པོའི་ཐོག་མཉམ་ཞུགས་བྱས་ཏེ་སྦྱོང་བརྡར་མཐིལ་ཕྱིན་པ་ཡོང་རྒྱུར་ངས་རེ་བ་ཞུ་བཞིན་ཡོད།
གང་ཡིན་ཞེ་ན་ཕྱི་དྲིལ་ལས་ཁུངས་ནས་དེང་དུས་དང་མཐུན་པའི་རྒྱལ་སྤྱི་ཐོག་བོད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཅས་གསལ་བསྒྲགས་བྱེད་དགོས་པར་བརྟེན། དེང་དུས་ཀྱི་གསལ་བསྒྲགས་བརྒྱུད་ལམ་གང་ཡིན་པ་དེ་དག་ཚགས་ཚུད་པོའི་ཐོག་ནས་བེད་སྤྱོད་ཐུབ་པ་དང་། སྔར་ལྷག་ཡར་རྒྱས་གཏང་དགོས་པར་བརྟེན་འབྲེལ་ཡོད་ཚང་མས་སོ་སོའི་ཤེས་ཚད་གོང་འཕེལ་གཏང་རྒྱུ་དང་། དེང་དུས་དང་མཐུན་པ། རང་རྐྱ་ཐུབ་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༡༣ ཉིན་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༡ བར་དང་། དེ་བཞིན་ཕྱི་ཚེས་ ༢༤ ནས་ ༢༩ བར་བཅས་ཁྱོན་ཉིན་གྲངས་ ༡༡ རིང་གནང་རྒྱུ་ཡིན་འདུག་པ་བཅས། །