༢༠༡༤ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་གུང་ཆུ་ཚོད་ ༡ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་ཐེངས་འདིར་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་ཉིན་གྲངས་དྲུག་རིང་མཛད་འཕྲིན་རྒྱ་ཆེ་བསྐྱང་རྒྱུ་ཡིན་འདུག་ཅིང་མཛད་འཕྲིན་གྱི་ཐོག་མ་སྟེ། ཕྱི་ཚེས་ ༢༠ ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ནང་སྙན་གྲགས་ཆེ་བའི་ཇྭ་ཧར་ལལ་ནེ་ཧ་རུ་གཙུག་ལག་སློབ་ཁང་(JNU)དུ་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ་ནེ་ཧེ་རུའི་རྗེས་དྲན་གསུང་བཤད་ལས་རིམ་ཐེངས་ ༡༡ པའི་ཐོག མིའི་ཐབས་ལམ་འོག་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་རྒྱུ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་འཛམ་གླིང་ཧིན་དུའི་ཐེབས་རྩ་ཁང་ The World Hindu Foundation ཞེས་པས་གོ་སྒྲིག་འོག་རྒྱལ་ཁབ་ ༡༥༠ ནང་གནས་པའི་ཧིན་དུའི་ཆོས་ལུགས་ཀྱི་སྐུ་ཚབ་ཚང་འཛོམས་ཐོག་རྒྱལ་སྤྱིའི་ཧིན་དུ་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག
སྐབས་དེར་ཆོས་ལུགས་དབུ་ཁྲིད་ཙམ་མ་ཟད། རྒྱ་གར་གྱི་ཆབ་སྲིད་མི་སྣ་སྙན་གྲགས་ཆེ་བ་དཔེར་ན་བྷི་ཇེ་པི་ཆབས་སྲིད་ཚོགས་པའི་དབུ་ཁྲིད་ཨ་མིཏ་ཤཱ་ Amit Shah མཆོག་དང་། ནི་ཏིན་གཏྐ་རི་ Nitin Gadkariམཆོག ལྕམ་སི་མི་རི་ཏི་ཨི་རཱ་ནི་ Smriti Iraniམཆོག ནིར་མ་ལ་སི་ཏ་ར་མན་ Nirmala Sitharamanམཆོག་བཅས་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་གདན་ཞུ་ཕུལ་ཡོད་ཀྱང་ལས་རིམ་སྔོན་སོང་ལྟར་ཕེབས་ཁོམས་མེད་རྐྱེན་སྲིད་ཚབ་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཆེད་བཅར་ཞུས་ཡོད།
ཕྱི་ཚེས་ ༢༢ ཉིན་སྔ་དྲོ་༸གོང་ས་མཆོག་གིས་རྒྱལ་ཡོངས་སློབ་གྲྭ་ཡར་རྒྱས། (National Progressive Schools) ཞེས་སློབ་གྲྭ་ཁག་མང་པོ་འདུས་པའི་ཚོགས་པ་དེས་ལོ་གཉིས་གོང་ཙམ་ནས་༸གོང་ས་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུས་ཟིན་སྟབས་ཐེངས་འདིར་མགོན་པོ་གང་ཉིད་མཆོག་གིས་སློབ་གྲྭ་ཁག་ ༢༠༠ ཙམ་ནས་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བར་བཀའ་སློབ་སྩལ་རྒྱུ་མ་ཟད། ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་ཨཱ་ནནྡཱ་ཨས་པེན། (Aspen Institute India) ཞེས་པའི་ཉམས་ཞིབ་བསྟི་གནས་ཁང་ཞིག་ཡོད། དེའི་ནང་ཚོང་པ་དང་གསར་འགོད་པ། དེ་བཞིན་ཆབ་སྲིད་པ་དང་མཁས་པ་སོགས་འདུས་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༣ སྔ་དྲོ་ཐོག་མར་ཧི་མཱ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཐེངས་མང་གནང་མྱོང་མཁན་འབྲེལ་ཡོད་དཔོན་རིགས་ཤིག་དགུང་གྲངས་ ༧༥ ཕེབས་པའི་སྐྱེས་དཀར་ཉིན་ཁོང་གི་བུ་ཕྲུག་རྣམས་ནས་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་རྒྱུ་ཡིན་འདུག ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་ལོ་ལྟར་ཨ་རི་དང་རྒྱ་གར་གང་རུང་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཀྱི་ཡོད་པ་ལྟར་ཐེངས་འདིར་རྒྱ་གར་སྨན་ཁང་ཞིག་ཏུ་སྐུའི་འཕྲོད་བཞེས་ཐོག་སྨན་པས་བརྟག་དཔྱད་ཞུ་རྒྱུ་ཡིན་འདུག དེ་རྗེས་ཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག་པ་བཅས།།