༢༠༡༤ ཟླ་ ༡༠ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱ་ནག་གི་སྲིད་བློན་ལེ་ཁཱ་ཆང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ནང་རྒྱལ་དོན་འཚམས་གཟིགས་སུ་བསྐྱོད་དང་སྐྱོད་མུས་ཡིན་པ་དང། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༤ ཉིན་སྲིད་བློན་ལེ་ཁཱ་ཆང་ཨི་ཊ་ལི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་གྲོས་ཚོགས་ཀྱི་འབྲེལ་ལམ་གོང་སྤེལ་གཏོང་ཆེད་ཨི་ཊ་ལིར་འབྱོར་བ་དང་སྟབས་བསྟུན། ཁུལ་དེའི་གནས་སྡོད་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་གཉིས་ཀྱིས་གོ་སྒྲིག་འོག་ཨི་ཊ་ལིའི་རྒྱལ་ས་རོམ་ནང་རྟེན་གཞི་བྱས་པའི་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གཞུང་ནས་བོད་མིར་དྲག་གནོན་བྱེད་མུས་ཀྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས། ཞེས་པའི་འཕྲེད་དར་བཟུང་སྟེ། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་འདུག
སྐབས་དེར་ལས་འགུལ་བ་རྣམས་ནས་བོད་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། བོད་ཀྱི་བདེན་དོན་ཆེད་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་མངོན་འདོད་རྣམས་གསལ་སྟོན་གནང་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མྱོང་བཞིན་པའི་ཧོང་ཀོང་མང་གཙོའི་ལས་འགུལ་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་མི་གཙོ་བོར་གྱུར་བའི་ཧོང་ཀོང་མི་དམངས་དང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་གཏམ་བརྗོད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་བྱ་སྤྱོད་རྣམས་མཚམས་འཇོོག་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་འདུག
ལྷག་པར་སྲིད་བློན་ལེ་ཁཱ་ཆང་ཨི་ཊ་ལིར་མ་འབྱོར་བའི་སྔ་རོལ་དུ་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་གཉིས་ནས་ཨི་ཊ་ལིའི་སྲིད་བློན་མཆོག་གིས་གཙོས་ཕྱི་སྲིད་བློན་ཆེན་དང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་བཅས་ལ་སྙན་ཞུ་རེ་ཕུལ་ཡོད་པའི་ནང་འཁོད་དོན། ཁྱེད་རྣམ་པས་རྒྱ་ནག་གི་སྲིད་བློན་དང་ཐུག་འཕྲད་སྐབས་བོད་དོན་གླེང་སློང་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གི་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་བཟུང་བར་བརྟེན། ད་བར་བོད་ནང་གི་བོད་མི་བརྒྱ་དང་སུམ་ཅུ་བརྒལ་བས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད། ལྷག་པར་བོད་རྒྱའི་དཀའ་ངལ་སེལ་སླད་བོད་མིའི་ངོས་ནས་རྒྱ་ནག་གཞུང་དང་ལྷན་ཞི་བའི་འབྲེལ་མོལ་གནང་རྒྱུར་འབད་བརྩོན་གནང་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་ད་བར་དོན་ལྡན་གྱི་འབྲེལ་མོལ་བྱེད་ཀྱི་མེད། དེར་བརྟེན་ཨི་ཊ་ལིའི་གཞུང་ཕྱོགས་ནས་ཐེངས་འདིའི་རྒྱ་ནག་གི་སྲིད་བློན་མཇལ་འཕྲད་ཀྱི་གོ་སྐབས་དམ་བཟུང་གནང་སྟེ། བོད་རྒྱ་འབྲེལ་མོལ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་སོགས་འཁོད་ཡོད་འདུག །