༢༠༡༤ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་བྷེལ་ཇམ་རྒྱལ་ས་བྷར་སེལ་ Brussels དུ་ཕེབས་ཏེ། ཡུ་རོབ་སྤྱི་མཐུན་ཚོགས་པའི་ལྷན་ཁང་དང་གྲོས་ཚོགས་འཐུས་མི་ European Parliament ཁག་གཅིག་མཇལ་འཕྲད་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ནས་ད་བར་བོད་མི་ ༡༣༢ རང་ལུས་མེར་སྲེག་བཏང་ཡོད་པ་དང་། བོད་མི་དེ་དག་གིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་ནས་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེ་དག་ལ་ཞི་རྒོལ་ཆེད་ཡིན་སྐོར་དང་། བཙན་བྱོལ་ནང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་རང་ལུས་མེར་སྲེག་ལས་འགུལ་མཚམས་འཇོག་ཡོང་ཐབས་བྱེད་བཞིན་ཡོད་ནའང་བོད་མི་དེ་དག་གིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་དགོས་འདུན་དེ་དག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུང་འདུག
གཞན་ཡང་སྲིད་སྐྱོང་མཆོག་ཧོལ་ལེན་ཌིར་ཕེབས་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལས་འཆར་འདྲ་མིན་ལ་རྒྱབ་སྐྱོར་གནང་མཁན་ཧོལ་ལེན་ཌིའི་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི་ ༥༠ ཙམ་དང་ཐུག་འཕྲད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་མི་རབས་གསུམ་པ་ཚོས་ཀྱང་ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཐུན་མིན་ཁྱད་ཆོས་དེ་དག་འཛིན་སྐྱོང་སྤེལ་གསུམ་ཆེད་སེམས་ཁུར་ཆེན་པོ་བྱེད་བཞིན་པ་དེ་དག་མཐོང་སྐབས་སེམས་ནང་དགའ་སྤོབས་ཆེན་པོ་ཡོང་བཞིན་འདུག ཅེས་གསུངས་པ་དང་སྦྲགས། ཚོགས་པས་ད་བར་བོད་མི་རྣམས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་འདུག ཕྱི་ཚེས་ ༡༦ ཉིན་སྲིད་སྐྱོང་མཆོག་ཧོལ་ལེན་ཌིའི་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྗེས་སི་པེན་དུ་ཕེབས་རྒྱུ་ཡིན་འདུག དེང་སྐབས་ཧོལ་ལེན་ཌིར་བོད་མི་གྲངས་ ༧༠༠ ཙམ་ཡོད་འདུག