༢༠༡༤ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ལྷག་པ།

Tibetan political leader Dr. Lobsang Sangay (c) with Czech MPs, Mr Karel Schwarzenberg, former foreign minister and leader of the opposition party, (2nd right), Mr Leos Heger (2nd left), Ms Marketa Adamova (1st right) and His Holiness the Dalai Lama’s Representative Mr Ngodup Dorjee, in Prague on 14 October 2014/Office of Tib
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རཱག་ Prague ནང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་འདུག དེ་ཡང་ཐོག་མར་སྲིད་སྐྱོང་མཆོག་གིས་ཡུལ་དེའི་ཉིན་རེའི་གསར་ཤོག་རྙིང་གྲས་གྲགས་ཅན་ཡིན་པ་ལི་ཌོ་ཝེ་ནོ་ཝི་ནེ་ Lidové Noviny ཞེས་པའི་གསར་འགོད་པའི་ཆེད་དོན་དྲི་བར་ལན་འདེབས་གནང་འདུག

Sikyong Dr. Lobsang Sangay (right) meets Czech Senator Jaroslav Sebak (center) in Prague on 14 October 2014/Office of Tibet
དེ་རྗེས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇ་རོ་ས་ལབ་སེ་བྷཀ་ Mr Jaroslav Sebak མཆོག་དང་དེ་སྔའི་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་དེང་སྐབས་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀ་རེལ་ཤ་ཝར་ཛེན་བྷག་ Mr Karel Schwarzenberg མཆོག་གིས་གཙོས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལི་ཨོ་སི་ཧེ་གར་ Mr Leos Heger མཆོག་དང་། ལྕམ་སྐུ་མར་ཀེ་ཊ་ཨ་ཌ་མོ་ཝ་ Ms Marketa Adamova མཆོག་བཅས་མཇལ་འཕྲད་གནང་འདུག དེ་ཡང་མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༢ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་འབྲེལ་བ་གནང་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསལ་བཤད་ཞིབ་ཕྲ་གནང་འདུག
གཞན་ཡང་སྐབས་དེར་དེང་སྐབས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དབར་ཚོང་འབྲེལ་ཤུག་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་ཅེཀ་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལངས་ཕྱོགས་དེ་དག་རིམ་བཞིན་རྒྱ་ནག་གཞུང་གི་གནོན་ཤུགས་འོག་འགྲོ་བཞིན་ཡོད་སྐོར་སོགས་ཀྱི་གནད་དོན་ཐད་བསམ་ཚུལ་བརྗེས་ལེན་དང་གོ་རྟོགས་སྤེལ་རེས་གནང་འདུག དེ་ཡང་འདི་ལོའི་ཕྱི་ཟླ་ ༤ ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ལུ་བྷོ་མིར་ཛའོ་ར་ལེཀ་Lubomir Zaorálek མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་རྒྱལ་ས་པེ་ཅིང་ནང་རྒྱ་ནག་འགོ་ཁྲིད་དང་ལྷན་ཐུན་མོང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་འཁོད་དོན།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་གནད་དོན་འདི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་པར་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད་པར་བརྟེན། དེར་ང་ཚོས་ཐེ་བྱུས་བྱ་རྒྱུ་མིན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་སླར་ཡང་ནན་བརྗོད་ཐོག་བོད་འདི་རྒྱ་ནག་གི་ས་ཁུལ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས། བོད་རང་བཙན་ལ་རྒྱབ་སྐྱོར་མེད། ཅེས་འཁོད་ཡོད། སྤྱིར་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ཏུ་མ་ཕེབས་གོང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་ཤུགས་ཆེ་བྱུང་འདུག སྐབས་དེར་ཕྱོགས་འགལ་ཚོགས་པས་གཞུང་འཛིན་ཚོགས་པར་དངུལ་གྱི་དོན་དུ་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་བཙོང་སོང་། ཞེས་སྐྱོན་བརྗོད་གནང་འདུག འོན་ཀྱང་ཕྱི་སྲིད་བློན་ཆེན་མཆོག་གིས་དེ་འདྲ་རྩ་བ་ནས་མིན་སྐོར་བརྗོད་པ་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ནང་ཐོན་འདུག དེར་བརྟེན་ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་མང་གཙོ་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་མཁན་ཡོངས་གྲགས་ཤིག་ཡིན་སྟབས་བོད་དོན་ཐོག་གཞུང་འཛིན་ཚོགས་པའི་ལངས་ཕྱོགས་ལ་སེམས་འཚབ་ཧ་ཅང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
སྐབས་དེར་ཕྱོགས་འགལ་ཚོགས་པའི་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་སྐོར་སྲིད་སྐྱོང་མཆོག་ལ་གསུངས་ཡོད། དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་སྐྱོང་མཆོག་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཇི་འདྲ་གནང་དགོས་མིན་གྱི་དྲི་བ་གནང་བར་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་ཡུ་རོབ་རྒྱལ་ཁབ་ཁག་ནང་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་སོགས་བོད་ཀྱི་དུས་སྟོན་རིགས་གོ་སྒྲིག་གནང་རྒྱུའི་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས། སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་ལས་དོན་ཡོངས་སུ་གྲུབ་རྗེས་བྷེལ་ཇམ་ནང་ཕེབས་འབྱོར་གནང་འདུག