༢༠༡༤ ཟླ་ ༡༠ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ནས་ ༡༥ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རཱག་ (Prague) ཏུ་ ༢༠༠༠ གླེང་སྟེགས་ (Forum 2000) ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་ ༡༨ པའི་ཐོག་རྒྱལ་ཁབ་འདྲ་མིན་ནས་ཆབ་སྲིད་དང་། ཤེས་ཡོན་ཅན། གསར་འགྱུར་བརྒྱུད་ལམ། ཚོང་ལས། ཆོས་ཕྱོགས་བཅས་ལས་རིགས་འདྲ་མིན་ཐོག་གི་དབུ་ཁྲིད་གྲངས་ ༢༠༠ ཙམ་མཉམ་ཞུགས་ཀྱིས་ལྷན་ཚོགས་སྐོང་འཚོགས་གནང་མུས་ལྟར། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གིས་ལམ་སྟོན་གནང་བའི་བཟང་སྤྱོད་ལ་གཞི་བཅོལ་བའི་ཕྱི་འབྲེལ་གྱི་སྲིད་བྱུས་ཀྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན།
དེ་རིང་ལྷན་ཚོགས་འདིའི་ཐོག་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གི་མཛད་རྗེས་དང་བརྩམས་ཆོས་ཁག་ལ་ཕྱིར་མིག་ཅི་བལྟས་ན། ཁོང་གིས་བཟང་སྤྱོད་དང་དཔལ་འབྱོར་གཉིས་ཀ་གལ་ཆེན་པོ་ཆགས་ཀྱི་ཡོད་ཀྱང་དཔལ་འབྱོར་ལས་བཟང་སྤྱོད་ཀྱི་རིན་ཐང་གལ་ཆེར་ངོས་འཛིན་གནང་ཡོད། ལྷག་པར་ཁོང་སྲིད་འཛིན་དུ་འཁོད་རྗེས་རྒྱལ་ཡོངས་ལ་ཐོག་མར་གསུང་བཤད་གནང་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེའི་ཡི་ཤུ་བླ་ཆེན་པོབ་མཆོག་གདན་འདྲེན་ཞུས་ཡོད་པར་བརྟེན། དམ་པ་ཁོང་གི་དགོངས་གཞི་ལས་བཟང་སྤྱོད་གལ་ཆེར་འཛིན་མཁན་ཞིག་ཡིན་པ་རྟོགས་ཐུབ། ཅེས་དང་། ལྷག་པར་སྲིད་སྐྱོང་མཆོག་གིས་བོད་མིའི་རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་གསུང་དོན།
བོད་ཀྱི་བདེན་དོན་ཆེད་བོད་ནང་གི་བོད་མི་ ༡༣༢ ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ནས་བོད་མིའི་ཐོག་བཟུང་དང་འཛིན་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། གལ་ཏེ་སྲིད་འཛིན་དམ་པ་ཁོང་སྐུ་འཚོ་གཞེས་བཞུགས་ཡོད་ན། བོད་ནང་གི་རྒྱལ་གཅེས་པ་ཁོང་རྣམ་པའི་མངོན་འདོད་ལ་རྒྱབ་སྐྱོར་གནང་སྲིད་པ་རེད། གང་ལ་ཞེ་ན། བོད་མི་རང་ལུས་མེར་སྲེག་གནང་མཁན་དེ་དག་ཀྱང་རང་དབང་འཐབ་རྩོད་གནང་མཁན་ཞིག་ཆགས་ཡོད། དེར་བརྟེན་ངས་རེ་འདུན་ཞུ་རྒྱུར། རྒྱལ་སྤྱིའི་གཞུང་དམངས་ཡོངས་ནས་བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་སྒྲུབ་ཆེད་བཟང་སྤྱོད་ཀྱི་རིན་ཐང་ལ་གལ་ཆེར་བཟུང་ནས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གིས་ལམ་སྟོན་གནང་བའི་ལྟ་གྲུབ་བཟང་པོ་དེ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག
དེ་རྗེས་གནམ་ཐང་དུ་སྲིད་སྐྱོང་མཆོག་གིས་ཅེཀ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་རེཀ་བྷེན་ཌ་ (Mr Marek Benda) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད། གཞན་ཡང་སྲིད་སྐྱོང་མཆོག་གིས་ཅེཀ་སྐད་ཡིག་ནང་ཡོད་པའི་དུས་དེབ་རེ་སི་པེཀ་ Respekt ཞེས་པ་དང་ཅེཀ་གསར་འགྱུར་ལས་ཁང་གི་ཆེད་དོན་དྲི་བར་ལན་འདེབས་གནང་འདུག ཕྱི་དྲོ་སྲིད་སྐྱོང་མཆོག་ནས་རིན་ཆེན་ལྷ་མོ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་དཔེ་དེབ། ང་ཚོ་བོད་མི་ཚོ། “We Tibetans” ཞེས་པ་དབུ་འབྱེད་གནང་ཡོད། རིན་ཆེན་ལྷ་མོ་ལགས་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་གནས་སྤོས་གནང་བའི་བོད་མི་ཞིག་ཡིན་འདུག དཔེ་དེབ་དབུ་འབྱེད་གྲུབ་བསྟུན་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྐད་ཡིག་དང་ཆོས། བོད་མིའི་འཚོ་བའི་རྣམ་པ་བཅས་ཀྱི་སྐོར་གསུང་བཤད་གནང་རྗེས་ཅེཀ་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་བར་བོད་དོན་ཆེད་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། ཡི་རང་བསྔགས་བརྗོད་ཀྱང་གནང་འདུག