༢༠༡༤ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ངོ་ལོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོ་བོད་ཁྱིམ་ཐང་ཆེན་དུ་ཚོགས་པའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་འདི་གར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་པའི་སྐུ་མགྲོན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་རྣམ་པ། དགེ་ལས་སློབ་ཕྲུག་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་འགན་འཛིན་རྣམ་པ། སེར་སྐྱ་མི་མང་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདི་ལོ་ཧྲིལ་པོ་འཛིན་སྐྱོང་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་པ་དང་སྟབས་བསྟུན་ཏེ། སྒྲིག་འཛུགས་མི་འདྲ་བ་སོ་སོའི་ནང་དུས་སྟོན་དང་དམིགས་བསལ་ལས་རིམ་དང་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།
དེ་རིང་འདི་གར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་དང་ལྷན་ཉིན་གསུམ་རིང་ལས་རིམ་ནང་རིག་གཞུང་འཁྲབ་སྟོན་གྱིས་མཚོན། རྩེད་འགྲན་དང་། རིགས་ལམ་རྩོད་འགྲན་བང་རིམ་བསྒྲིག་རྒྱུ་ཡང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བ་བཏགས་ཡོད་པ་རེད། ཕྱི་ཟླ་ ༡༠ ཚེས་ ༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གཱན་ངྷི་མཆོག་གི་འཁྲུངས་སྐར་དུས་སྟོན་དང་བསྟུན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གཉིས་དང་ལྷན་དུ་མཛད་སྒོའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཀའ་དྲིན་རྗེས་དྲན་ལ་བསམ་ཤེས་དགོས་ཀྱི་ཡོད་ན། མེས་པོ་དམ་པ་གཱན་ངྷི་མཆོག་གི་མཛད་འཕྲིན་ལས་བསླབ་བྱ་བླང་སྟེ་ང་ཚོས་ཉམས་ལེན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་ཕེབས་ཡོད་པ་ལྟར། ང་ཚོ་བོད་མིའི་ངོས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ད་ལྟ་བར་དུ་འཛམ་གླིང་སྤྱི་དང་། ཡང་སྒོས་བོད་མི་རིགས་ཆེད་མཛད་འཕྲིན་བསྐྱངས་པ་ཡོངས་རྫོགས་བསམ་བཞིན་དྲན་བཞིན་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཆགས་ཡོད། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུར་ང་ཚོ་སློབ་གྲྭའི་ནང་གི་དགེ་རྒན་གཙོ་བོར་གྱུར་བའི་འཛིན་སྐྱོང་གི་མི་སྣ། སློབ་ཕྲུག་བཅས་མི་རེ་ངོ་རེ་ནས་ལས་འགན་ངོ་འཕྲོད་ནས་སྒྲུབ་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
སློབ་གྲྭ་འདི་ཐོག་མར་གནས་སྟངས་སྐྱོ་པོའི་ཐོག་ནས་འགོ་འཛུགས་གནང་ཡོད། དེའི་སྐབས་ཀྱི་མི་རབས་ཚོས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་སྟེ། དེང་སྐབས་སློབ་གྲྭའི་གནས་སྟངས་འདི་ལྟ་བུ་ཞིག་ཏུ་གྱུར་ཡོད། ད་ལྟ་ཡིན་རུང་ཡར་རྒྱས་འགྲོ་ཕྱོགས་ཐོག་དགེ་སློབ་དང་འཛིན་སྐྱོང་མི་སྣ་སྤྱི་ཡོངས་ལ་རག་ལུས་ཡོད། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག དེ་བཞིན་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་སོགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང། སློབ་གྲྭའི་ནང་སློབ་སྦྱོང་བསླབ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མ་འོངས་པའི་མི་རབས་རྣམས་མི་ཡག་པོ་ཞིག་ཆགས་ཐབས་དང་། སོ་སོ་སྒེར་ངོས་ཀྱི་མདུན་ལམ་བཟང་པོ་ཞིག་ཡོང་ཐབས་ཀྱིས་མཚོན། ལེགས་ཉེས་རྣམ་པར་འབྱེད་ཀྱི་རྣམ་དཔྱོད་གོང་སྤེལ་ཐོག་བོད་མི་རིགས་ལ་ཕན་ཐོགས་སྒྲུབ་ཐབས་བཅས་ཀྱི་ཆེད་སློབ་སྦྱོང་སྤྲོད་བཞིན་ཡོད། སློབ་གྲྭ་ནས་ཐོན་ཏེ་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་སྐབས་རང་ཉིད་སྒེར་གྱི་བསམ་བློ་ཙམ་མ་ཡིན་པར་སྤྱི་སེམས་ཡོད་པ་ཞིག་ཏུ་བསྒྱུར་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མང་པོ་ཞིག་རག་གི་ཡོད། བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་ཕྲུག་མང་པོ་ཞིག་བོད་ནང་སློབ་སྦྱོང་གི་གོ་སྐབས་མ་རག་པར་བརྟེན། རང་སྲོག་འབེན་ལ་བཙུགས་ཏེ་བྲོས་བྱོལ་དུ་ཡོང་བ་ཆགས་ཡོད། འདི་གར་སློབ་སྦྱོང་གི་གོ་སྐབས་རག་དུས་གོ་སྐབས་ལེན་མ་ཐུབ་ན། མ་འོངས་པར་འགྱོད་པ་སྐྱེ་རྒྱུའི་གནས་སྟངས་རང་བཞིན་གྱིས་ཆགས་ཀྱི་རེད།
དེར་བརྟེན་ཁྱེད་རང་ཚོས་སློབ་སྦྱོང་གི་གོ་སྐབས་ཆུད་ཟོས་སུ་མ་གཏང་བའི་ཐོག་སྤྱི་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་བོད་མི་རྣམས་ཡུལ་གྱར་བ་ཞིག་ཆགས་ཡོད། ང་ཚོ་ལྟ་བུའི་མི་རིགས་ལ་མཚོན་ན། སྲིད་སྐྱོང་དང་ཚོགས་གཙོ། བཀའ་བློན་རྣམ་པ། སྤྱི་འཐུས་ནང་ལ་ཡང་མང་པོ་ཡོད། སྔ་མོ་བོད་ནས་ཕེབས་པའི་མི་རབས་གང་ཙམ་ཞིག་རྫོགས་འགྲོ་གི་ཡོད། ང་ཚོ་ནི་སྔ་མའི་མི་རབས་དང་ཁྱེད་རང་ཚོ་མི་རབས་གསར་པའི་དབར་མཚམས་སྦྱོར་བྱེད་མཁན་ཞིག་ཆགས་ཀྱི་ཡོད། ད་ལྟའི་སྐབས་ལ་ང་ཚོས་འགན་འཁྱེར་བཞིན་ཡོད། ལོ་འགའ་ཤས་རྗེས་ཁྱེད་རང་ཚོས་འགན་འཁྱེར་དགོས་ཀྱི་ཡོད། ང་ཚོ་སྔ་མོ་སློབ་གྲྭར་འགྲོ་སྐབས་དང་ད་ལྟ་བསྡུར་ན། ཁྱེད་རང་ཚོར་གོ་སྐབས་གང་ཅིའི་ཐོག་ནས་ཡག་པོ་ཡོད། དེར་བརྟེན་ང་ཚོའི་མི་རབས་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་དང་། ཡ་རབས་བཟང་སྤྱོད་ལྡན་པའི་མི་རབས་ཤིག་ཆགས་པ་བྱས་ཏེ། བོད་ཀྱི་བདེན་དོན་ཆེད་ང་ཚོ་ལས་ལྷག་པའི་ནུས་པ་འདོན་ཐུབ་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང། །