༢༠༡༤ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ངོ་ལོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོ་བོད་ཁྱིམ་གྱི་ཐང་ཆེན་དུ་ཚོགས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་འདི་གར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་པའི་དམིགས་བསལ་སྐུ་མགྲོན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་རྣམ་པ། དགེ་ལས་སློབ་ཕྲུག་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་འགན་འཛིན་རྣམ་པ། སེར་སྐྱ་མི་མང་རྣམ་པ་ལྷན་རྒྱས་ལ་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དམིགས་བསལ་ལྷ་ལྕམ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་དང་། དགེ་ལས་ཡོངས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་བསྔགས་བརྗོད་དང་འབྲེལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་རྗེས་དྲན་ཞུ་བཞིན་ཡོད། རྡ་སྟེང་བོད་ཁྱིམ་ནི་ལོ་ཡུན་དེའི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་རིག་ཐོག་ལ་བྱས་རྗེས་དང་གྲུབ་འབྲས་ཆེན་པོ་འཐོན་བཞིན་པའི་སྒྲིག་འཛུགས་ཤིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལ་ཡོད་པ་ལྟར། ཤེས་རིག་དང་འཛིན་སྐྱོང་སོགས་ཀྱི་ཐོག་ལས་དོན་བསྒྲུབས་དང་སྒྲུབ་མུས་རེད། དེ་བཞིན་རྡ་སར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གཞུང་འབྲེལ་དང་བོད་དོན་སྐོར་ལ་དོ་སྣང་བྱེད་མཁན་ཞིག་སླེབས་སྐབས། ང་ཚོར་ངོམ་རྒྱུ་ཡོད་པ་དེ་ནི་བོད་ཕྲུག་ཁྱིམ་སྡེ་ཆགས་ཡོད་པར་བརྟེན། ཁོང་རྣམ་པ་འདི་གར་གཟིགས་སྐོར་དུ་ཕེབས་རོགས། ཞེས་བརྗོད་ཀྱི་ཡོད། ཕྱོགས་མཚུངས་སློབ་གྲྭ་འདིར་ཡན་ལག་མང་པོ་ཞིག་ཡོད་པ་མ་ཟད། བོད་ཕྲུག་ཁྱིམ་སྡེ་བརྗོད་སྐབས་ཚགས་ཚུད་སྒྲིག་འཛུགས་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་སྦེང་ལོར་དུ་ཏཱ་ལའི་བླ་མའི་མཐོ་སློབ་སྤུས་དག་ཅིག་གསར་འཛུགས་གནང་ཡོད། མ་འོངས་པར་མཐོ་སློབ་དེའི་ནང་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཚོར་སྔར་ལྷག་ཕན་ཐོགས་ཡོང་རྒྱུའི་ཡིད་ཆེས་གཙང་མ་ཞུ་བཞིན་ཡོད།
དེ་བཞིན་སློབ་གྲྭ་འདི་ནས་ཐོན་པའི་སློབ་ཕྲུག་འཛམ་གླིང་ས་ཕྱོགས་གང་སར་གནས་ཡོད། སློབ་ཕྲུག་དེ་དག་གིས་སློབ་གྲྭ་འདི་ནས་སྦྱང་པའི་ཤེས་ཡོན་བེད་སྤྱོད་བཏང་སྟེ། རང་ཉིད་ཀྱི་མི་ཚེ་སྐྱེལ་སྟངས་ཀྱིས་མཚོན་བོད་བསྟན་སྲིད་མི་རིགས་ཆེད་ལས་དོན་སྒྲུབ་ཀྱི་ཡོད། དཔེར་ན། ནང་ནིང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ལྷོ་ཀོ་རི་ཡར་ཚོགས་པ་རེད། སྐབས་དེ་དུས་ང་ཚོ་བང་བསྒྲིགས་ནས་འགྲོ་སྐབས་ལས་དོན་སྒྲུབ་མཁན་ལས་བྱེད་མང་དག་ཅིག་ཡོད་ཁོངས་སུ་བུད་མེད་ཅིག་འདུག ཁོ་མོས་ང་ལ་ཁྱེད་རང་བོད་པ་ཡིན་ནམ་ཞེས་བོད་སྐད་སྒྲ་དག་པོ་ཞིག་བརྒྱབ་ནས་དྲིས་བྱུང། ངས་ཁྱེད་རང་བོད་སྐད་གང་ནས་སྦྱངས་པ་ཡིན། དྲིས་པར་ཁོ་མོས་རྡ་ཤོད་བོད་ཁྱིམ་ནས་སྦྱང་པ་ཡིན། ཞེས་བརྗོད་བྱུང། དེ་བཞིན་བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད། ལྷག་པར་སློབ་སྦྱོང་ཚད་མཐོ་རུ་དང་ཡར་རྒྱས་གཏོང་ཕྱོགས་ཐོག་ལས་དོན་སྣེ་མང་ཞིག་སྒྲུབ་ཐབས་ལ་འབད་བརྩོན་བྱས་དང་བྱེད་མུས་ཡིན། ཤེས་ཡོན་ཐོག་ངས་བོད་ཁྱིམ་ཀྱི་མཛད་གཙོ་རྣམ་པར་དམིགས་བསལ་ཞུ་རྒྱུར། རིམ་པ་གཉིས་ལྟ་བུ་རེད་སྙམ་གྱི་ཡོད།
དང་པོ། བོད་ཕྲུག་ཚོའི་བོད་ཡིག་བོད་སྐད་དང་རིག་གནས་ཁག་སྦྱང་སྟེ། བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་ཐུབ་པའི་གོ་སྐབས་བསྐྲུན་དགོས་རྒྱུ་འདི་ཡིན། གཉིས་པ། རིགས་གཅིག་རྐང་འཛིན་དང་ཚད་མཐོ་པོའི་ཐོག་ནས་བོད་ཕྲུག་ཚོར་ཆ་རྐྱེན་བསྐྲུན་རྒྱུ་དང་། སློབ་སྦྱོང་ཐོག་སེམས་ཤུགས་སྤར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། ང་ཚོ་བོད་མི་ས་ཡ་དྲུག་གི་བདེན་མཐའ་གསལ་རྒྱུར་འཛམ་གླིང་ཐོག་ང་ཚོས་ལས་དོན་སྒྲུབ་དགོས་པ་མ་ཟད། ལས་འགུལ་སྤེལ་དགོས་ཀྱི་ཡོད། དེར་བརྟེན་བོད་བསྟན་སྲིད་མི་རིགས་ལས་དོན་སྒྲུབ་དགོས་ཀྱི་ཡོད་ན། སྐད་ཡིག་དང་སློབ་སྦྱོང་ཚད་ལྡན་ཞིག་མེད་ན། ཆ་རྐྱེན་སོགས་ཚད་ལྡན་ཞིག་སྒྲུབ་ཐབས་དཀའ་བ་ནི་རང་བཞིན་རེད། རིམ་པ་དང་པོ། ཆ་ཚང་བ་སྒྲུབ་ཐུབ་ཡོད་པ་རེད་བསམ་བཞིན་ཡོད། རིམ་པ་གཉིས་པ། ཚད་མཐོ་རུ་གཏོང་རྒྱུར་བཀའ་ཤག་ནས་འབད་བརྩོན་བྱེད་བཞིན་ཡོད། བོད་ཕྲུག་ཁྱིམ་སྡེ་ནི་ལས་དོན་སྒྲུབ་ཐུབ་མཁན་ཞིག་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །