༢༠༡༤ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤
“Tibetan Rehabilitation Policy 2014” ཞེས་པ་གཏན་འབེབས་གནང་འདུག སྲིད་བྱུས་འདི་ཡུན་རིང་འབད་བརྩོན་རྗེས་གཏན་འབེབས་བྱུང་བ་ཞིག་ཡིན་འདུག
དེ་ཡང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པཱ་ཐཀ་ Mr K. K. Pathak མཆོག་གིས་གོང་ཚེས་ཉིན། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་ཤོག་གྲངས་བདུན་ཅན་གྱི་ཡིག་ཆ་དེ་དང་ཟུར་སྣོན་ཡིག་ཆ་ཤོག་གྲངས་ ༦ མཉམ་སྦྱར་བཅས་བསྡོམས་ཤོག་གྲངས་ ༡༣ ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་ཕུལ་འདུག སྲིད་བྱུས་འདི་ནི་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་དང་། རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལྷན་ཁང་ཕན་ཚུན་དབར་དང་། མངའ་སྡེའི་སྲིད་གཞུང་བཅས་ཚན་པ་སོ་སོས་ནང་མོལ་ཐེངས་མང་གནང་བ་ཙམ་མ་ཟད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་ཚོགས་འདུ་ལན་མང་ཚོགས་པ་བརྒྱུད་བཀའ་བསྡུར་ལྷུག་པོ་གནང་བའི་གྲུབ་འབྲས་ཤིག་ཡིན་འདུག
འདས་པའི་ཟླ་བ་འགའ་ཤས་རིང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་འབྲེལ་བའི་གནད་དོན་གཙོ་ཆེ་ཁག་ལ་བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་གནང་འདུག ཐེངས་འདིར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱུང་བ་འདིས་རྒྱ་གར་གཞུང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྲིད་བྱུས་འཛིན་ཕྱོགས་ཇི་འདྲ་ཡིན་པའི་ལམ་སྟོན་ཁ་གསལ་བཀོད་སྒྲིག་གནང་ཐུབ་པ་བྱུང་ཡོད། ལམ་སྟོན་དེའི་འོག་སྐྱབས་བཅོལ་བོད་མི་ཚོར་ས་ཞིང་བོགས་གཏོང་འཕར་འགྱང་གནང་ཕྱོགས་དང་། དབུས་དང་མངའ་སྡེའི་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་དབུས་ས་གཞུང་གི་ཐོབ་ཐང་ Central/State Govt.Schemes ཇི་ཐོབ་རྣམས་ཁ་གསལ་བཀོད་འདུག་པ་མ་ཟད། རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཚོས་ཚོང་ལས་གང་འདྲ་ཞིག་དོན་གཉེར་བྱེད་ཀྱང་དགོས་ངེས་ཡིག་ཆ་དང་ལག་འཁྱེར། ཆོག་མཆན་སོགས་ཀྱི་མཐུན་འགྱུར་གནང་རྒྱུ་ཡིན་པའི་ལམ་སྟོན་གསལ་པོ་བཀོད་འདུག
ཕྱོགས་མཚུངས་བོད་མི་སྐྱབས་བཅོལ་བ་སུ་ཡིན་རུང་རང་ཉིད་ཀྱིས་སྦྱངས་པའི་ཁྱད་ལས་ལས་དོན་དཔེར་ན། སྨན་ཞབས་པ་དང་། nursing དགེ་རྒན། teaching དབང་ཚད་ཅན་གྱི་རྩིས་པ། Chartered Accountancy སྨན་དང་འབྲེལ་བའི་ལས་རིགས། medicine བཟོ་སྐྲུན་ལས་རིགས། engineering སོགས་ལས་དོན་ཇི་འདྲ་ཞིག་ལ་དོན་གཉེར་བྱས་པའམ་འཛུལ་ཞུགས་བྱས་ཀྱང་དེ་ལྟར་བྱེད་ཆོག་པའི་ཆོག་མཆན་གནང་འཐུས། ཞེས་ལམ་སྟོན་ནང་འཁོད་འདུག བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པའི་ལམ་སྟོན་ཡིག་ཆ་དེ་འབྲེལ་ཡོད་མངའ་སྡེའི་ལས་ཁུངས་ཚང་མར་གཏོང་རྒྱུ་མ་ཟད། འདྲ་བཤུས་རེ་བོད་མིའི་ས་གནས་འགོ་འཛིན་གྱི་ལས་ཁུངས་ཚང་མར་གཏོང་རྒྱུ་ཡིན་འདུག
རྒྱ་གར་གཞུང་གིས་མངའ་སྡེ་འདྲ་མིན་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་སྲིད་བྱུས་གཅིག་གྱུར་ཞིག་ལག་བསྟར་ཡོང་ཆེད་འབད་བརྩོན་གནང་བཞིན་ཡོད་སྟབས། ཐེངས་འདིར་སྲིད་བྱུས་ལམ་སྟོན་འདི་འདྲ་ཞིག་གཏན་འབེབས་གནང་ཐུབ་པ་ནི་སྒྲུབ་དོན་གལ་ཆེ་ཞིག་ཆགས་འདུག
དེ་ཡང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པཱ་ཐཀ་མཆོག་བརྒྱུད་རྒྱ་གར་ནང་སྲིད་ལས་ཁུངས་ནས་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་སྲ་བརྟན་ཆེད་བོད་མི་རྣམས་ལ་དགེ་མཚན་ཡོད་པའི་སྲིད་བྱུས་ཁ་གསལ་ཞིག་གཏན་འབེབས་གནང་ཐུབ་པར་དགའ་བསུ་དང་སྦྲགས་བཀའ་དྲིན་ཆེ་ཞུས་འདུག ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱཱ་ལྷན་བཅར་ཞུས་འདུག