༢༠༡༤ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན་དབུས་སྨན་རྩིས་ཁང་གིས་གོ་སྒྲིག་ཐོག་སྨན་རྩིས་ཚོགས་ཁང་དུ་རྒྱལ་སྤྱིའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མགོན་པོ་ཕུན་ཚོགས་ལགས། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། གདན་ཞུས་གཏམ་བཤད་གནང་མཁན་རྣམ་པ། སྨན་རྩིས་ཁང་གི་དབུས་ས་གཉིས་ཀྱི་སྨན་རྩིས་པ། བོད་ཁྱིམ་སེ་ལ་ཁུལ་སློབ་ཕྲུག འབྲེལ་ཡོད་ལས་བྱེད་དང་སྨན་སློབ། རྒྱལ་ཁབ་ཁག་ ༡༤ ནས་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བ་ལྷན་ཚོགས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་སྟེ། བོད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་གསུང་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་ངོ་སྤྲོད་དང་། རྒྱབ་ལྗོངས། དམིགས་ཡུལ། ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ལ་དམིགས་ཡུལ་གཙོ་བོ་གསུམ། སེམས་ཁམས་འཕྲོད་བསྟེན་གྱི་བྱ་གཞག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དང་། ཕྱི་ནང་གི་རིག་གཞུང་འདྲ་མིན་གྱི་ལེགས་ཆ་བརྗེ་རེས་བྱ་རྒྱུ། འགྲོ་བ་མིའི་སེམས་ཁམས་ལེགས་བཅོས་ཐད་ཆོས་ལུགས་འདྲ་མིན་དང་གསོ་རིག་འདྲ་མིན་ཐུན་མོང་གི་བསྒྲུབ་བྱ་གང་ཡོད་འཚོལ་ཞིབ་བྱ་རྒྱུ་བཅས་སྒྲོགས་སྦྱང་ཞུས།
དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་ངས་འདིར་འདུས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་ཁྱེད་རང་ཚོར་བཞུགས་སྒར་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་ཡོད་འདུག དེར་བརྟེན་ཁྱེད་རྣམ་པས་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཕེབས་པ་གཞིར་བཟུང་ལས་དོན་སྒྲུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེ་རིང་ཁྱེད་རྣམ་པ་འདི་གར་འདུ་འཛོམས་བྱུང་ཡོད་པར་བརྟེན་དུས་ཚོད་འཕྲོ་བརླག་མ་འགྲོ་བའི་ཐོག་བེད་སྤྱོད་ཡག་པོ་གཏོང་རོགས་གནང་ཞུ་རྒྱུ་ཡིན། དེང་སྐབས་བོད་ཀྱི་སྨན་རྩིས་ཁང་ཡར་རྒྱས་ཀྱི་གཞི་རྒྱ་ཆེན་པོ་ཆགས་ཡོད་པ་མ་ཟད། འཛམ་གླིང་འདིའི་ནང་གི་ནད་པ་མང་དག་ཅིག་ལ་ཕན་རླབས་ཆེན་པོ་བསྒྲུབས་དང་སྒྲུབ་མུས་རེད། དེ་རིང་ལུས་སེམས་སྲོག་གི་སྐོར་བགྲོ་གླེང་འདི་ལྟ་བུ་ཚོགས་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། སྤྱིར་བཏང་སྨན་དང་རྩིས་ཀྱི་སྐོར་ཚན་རིག་དང་འབྲེལ་བ་མཐུད་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་རེད་བསམས་ཀྱི་ཡོད། ལྷག་པར་སྨན་དང་། ནང་ཆོས། ཚན་རིག་མཉམ་རུབ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ཉམས་ཞིབ་གནང་བ་བརྒྱུད་བོད་ཀྱི་སྨན་རྩིས་རྣམས་རྒྱུན་འཛིན་གྱིས་མང་ཚོགས་ལ་ཕན་ཐོགས་བྱེད་རྒྱུས་མཚོན། འཛམ་གླིང་ལ་ཞབས་འདེགས་སྒྲུབ་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ།།