༢༠༡༤ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༤ ཉིན། སྤོན་ཊ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་དང་གཞིས་མི་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་འདུ་འཛོམས་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་དང་། བཙན་བྱོལ་བོད་མི་རྣམས་ཀྱི་མི་ལོ་ལྔ་བཅུ་ལྷག་གི་གནས་སྟངས་སྐོར། བོད་མིའི་རང་ལུས་མེར་སྲེག བོད་ནང་གི་ཛ་དྲག་གནས་སྟངས། འཕགས་བོད་འབྲེལ་ལམ་བཅས་སོགས་ཀྱི་བརྗོད་གཞིའི་ཐོག་པར་རིགས་དང་དངོས་བྱུང་གློག་བརྙན་བསྟན་འདུག
སྤྱིར་བཏང་སྐབས་བཅུ་བཞི་པའི་བཀའ་ཤག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་ཕྱི་ལོ་ ༢༠༡༤ ལོ་ཧྲིལ་པོའི་རིང་རྒྱ་གར་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱལ་ཁབ་འདྲ་མིན་ནང་༸གོང་ས་མཆོག་གི་སྐུའི་མཛད་ཁུར་གཙོ་བོ་གསུམ་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་ལས་འགུལ་འདྲ་མིན་སྤེལ་འགོ་བཙུགས་པའི་ཆ་ཤས་སུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ནས་ཟླ་ ༡༡ ཚེས་ ༥ བར་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་དང་རཱཇ་པུར། བོད་ཁྱིམ་སློབ་གྲྭ སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ སྤོན་ཊ། ཧར་བྷ་པུར་གཏན་སློབ། མ་སུ་རི་བོད་ཁྱིམ་སློབ་གྲྭ དེ་བཞིན་ན་ནི་ཏལ་བཅས་ཀྱི་ནང་སྐོར་བསྐྱོད་ཀྱིས་པར་རིགས་འགྲེམས་སྟོན་གནང་མུས་ཡིན་འདུག
ཐེངས་འདིར་པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་གསུམ་ལ་དབྱེ་ཡོད་པའི་དང་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་སྟེ། འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་སྐོར་དང་། གཉིས་པ། བཙན་བྱོལ་ནང་གི་འགྲུལ་བཞུད། གསུམ་པ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡིན། ཞེས་དེང་སྐབས་ཛ་དྲག་གི་དྲི་བ་གལ་ཆེན་པོ་ཆགས་ཡོད་པའི་སྐོར་དང་། བཞི་པ་འཕགས་བོད་འབྲེལ་ལམ་སྐོར་པར་རིགས་འགྲེམས་སྟོན་གནང་མུས་ཡིན་པ་བཅས།།