༢༠༡༤ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ Ms. Jody Williamsམཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Ms. Shirin Ebadi མཆོག དེ་བཞིན་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་ལི་ཛི་བྷ་རན་ སི་ཊིན་ Liz Bernstein ལགས། སྐུ་མགྲོན། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཐོག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌོ་ཝིལ་ཡེམ་སི་མཆོག་གིས་གསུང་བཤད་གནང་དོན།
འཛམ་གླིང་ནང་གི་དབུ་ཁྲིད་ཁྱད་དུ་འཕགས་པ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུས་ང་ཚོར་མགྲོན་འབོད་མཛད་སྐབས་ང་ཚོས་མོས་མཐུན་མ་བྱས་པར་སྡོད་ཐབས་བྲལ། ང་རང་ས་གནས་འདིར་བཅར་ཐེངས་གསུམ་པ་ཆགས་ཡོད། ངས་ལྷོ་ཨ་ཕི་རི་ཀའི་ནང་ནོ་བེལ་ཞི་བདེའི་ལྷན་ཚོགས་འཚོགས་འཆར་ཡོད་པའི་གནད་དོན་དང་འབྲེལ་ནས་གོང་དུ་ཕྲན་གྱི་རོགས་པ་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་གིས་གསུངས་པ་དེའི་ཐོག་ཕྲན་བུས་རྒྱས་སྤྲོད་ཞུ་རྒྱུ་ཡིན། ལྷོ་ཨ་ཕི་རི་ཀའི་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ད་ཐེངས་མཐོང་མཆན་འབུལ་ལམ་མ་ཞུས་པ་འདི་ཐེངས་གསུམ་པ་ཆགས་ཡོད། ལྷོ་ཨ་ཕི་རི་ཀའི་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཆབ་སྲིད་དང་རྩ་བ་ནས་འབྲེལ་བ་མེད་པའི་ལྷན་ཚོགས་སུའང་ཆིབས་སྒྱུར་བསྐྱང་རྒྱུའི་མཐོང་མཆན་འབུལ་ལམ་ཞུ་གི་མེད། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཌི་ཀ་ལག་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག དེ་བཞིན་ཀེབ་ཊའོན་ (Capetown) གྲོང་ཁྱེར་སྤྱི་ཁྱབ་ལྕམ་སྐུ་མཆོག་བཅས་ཀྱི་གོ་སྒྲིག་འོག་ད་ལོའི་ནོ་བེལ་ཞི་བདེའི་ལྷན་ཚོགས་ལྷོ་ཨ་ཕི་རི་ཀའི་ཀེབ་ཊའོན་གྲོང་ཁྱེར་ནང་འཚོགས་རྒྱུ་ཡིན་པའི་བརྡ་ལན་འབྱོར་འཕྲལ་ང་ཚོས་ལྷོ་ཨ་ཕི་རི་ཀའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་ཚུད་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་མཐོང་མཆན་འབུལ་ལམ་ཞུ་རྒྱུ་མིན་པ་ཤེས་རྟོགས་ཐུབ་བྱུང་།
དེར་བརྟེན་ང་ཚོས་གོ་སྒྲིག་ཚོགས་ཆུང་ལ་འཚོར་ཤུགས་ཆེན་པོའི་ཐོག་ལམ་སེང་ཡི་གེ་ཞིག་བཏང་ནས་རྒྱ་ནག་གི་གནོན་ཤུགས་འོག་ཚུད་ནས་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་རྒྱུ་མིན་པ་དེ་སྔའི་བྱ་སྤྱོད་ལས་ཧ་ཅང་གསལ་རྟོགས་ཐུབ་རྒྱུ་ཡིན་སྟབས། ལྷན་ཚོགས་ཚུགས་ཡུལ་ཐད་ང་ཚོར་ཧ་ཅང་སེམས་འཚབ་ཡོད་སྐོར་ཞུ་རྒྱུ་བྱུང་བ་མ་ཟད། ཊུ་ཊུ་དགུང་ལོ་ ༨༠ སོན་པའི་འཁྲུངས་སྐར་ལའང་མཉམ་ཞུགས་མཛད་རྒྱུའི་མཐོང་མཆན་འབུལ་ལམ་ཞུས་མེད། ༸གོང་ས་མཆོག་ཊུ་ཊུའི་འཁྲུངས་སྐར་ལ་མཉམ་ཞུགས་མཛད་པ་དེས་རྒྱ་ནག་གཞུང་ལ་ཉེན་ཁ་ཇི་ལྟར་བཟོ་རྒྱུ་ཡིན་ནམ། འདི་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན། དེར་བརྟེན་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་འཐུས་མི་རྣམས་དང་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་བཅས་དང་ལྷན་གནད་དོན་དེའི་ཐད་གོ་བསྡུར་མང་པོ་བྱུང་། ཐོག་མར་ང་ཚོ་ཚང་མ་ལྷན་ཚོགས་སུ་བཅར་རྒྱུའི་བསམ་བློ་བཏང་བ་ཡིན། ལྷན་ཚོགས་དེར་ཕྱིན་ནས་གྲོང་ཁྱེར་གྱི་གཞུང་ལམ་ཐོག་ཞི་རྒོལ་བྱ་རྒྱུའི་བསམ་བློ་བཏང་བ་ཡིན། དེ་རྗེས་གཅིག་བྱས་ན་ལྷན་ཚོགས་འདི་རྒྱལ་ཁབ་གཞན་ཞིག་ནང་འཚོགས་སྲིད་པའི་གནས་སྟངས་ཤིག་མཐོང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱང་ཐུབ་རྒྱུའི་རེ་བ་ཞིག་བྱུང་།
འོན་ཀྱང་དེ་ལྟར་ཡོང་རྒྱུ་མིན་པ་ཤེས་རྟོགས་བྱུང་རྗེས་ང་ཚོས་ལམ་སེང་གོ་སྒྲིག་ཚོགས་ཆུང་ལ་ཡི་གེ་ཞིག་ཕུལ་ནས་ལྷན་ཚོགས་ནས་མཉམ་ཞུགས་བྱ་རྒྱུ་མིན་ཚུལ་གསལ་པོ་ཞུས་པ་ཡིན།
ཡི་གེའི་ནང་ང་ཚོས་ཧ་ཅང་གསལ་པོ་བཀོད་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་མཛད་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཁ་བྲལ་བ་རེད། ཟེར་ནས་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད། ང་ཚོ་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་དམིགས་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གཙོ་བོ་ཡིན་པར་བརྟེན་ཚོགས་པའི་ལྟ་གྲུབ་དང་ལངས་ཕྱོགས་རྩ་འཛིན་བྱ་རྒྱུ་ང་ཚོའི་ལས་འགན་ལྟེ་བ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་ལྷན་ཚོགས་ནང་འཛུལ་ཞུགས་མི་བྱེད་རྒྱུའི་ཐག་གཅོད་བྱས་ཡིན། ང་ཚོས་ལྷན་ཚོགས་དེར་མཉམ་ཞུགས་མི་བྱེད་རྒྱུའི་ཐག་གཅོད་བྱས་པ་དེར་གྲུབ་འབྲས་ཐོན་ཡོད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་གིས་ལྷན་ཚོགས་ནང་མཉམ་ཞུགས་མི་གནང་རྒྱུའི་ཐག་གཅོད་གནང་བར་བརྟེན་ད་ཆ་ལྷན་ཚོགས་དེ་ཕྱིར་བསྡུ་བྱ་དགོས་ཐུག་ཡོད། ཅེས་གསུངས།