༢༠༡༤ ཟླ་ ༡༠ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ཕྱེད་ཡོལ་དུ་ནང་སྲིད་ལས་ཁུངས་སུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱལ་ལགས་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་ཚབ་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་ཚན་པ་ཁག་གི་འགན་འཛིན་རྣམས་ལྷན་འཛོམས་ཀྱིས་ཐོག་མར། དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཉེ་ཆར་སྦེལ་ཇམ་བོད་རིགས་ཚོགས་པས་ར་ཝང་ལ་བོད་མིའི་གཞིས་ཆགས་བསྐྲུན་ཡོད་སྐོར་དང་། བཀའ་ཤག་སྐབས་བཅུ་བཞི་པའི་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞི་འདི་སྐབས་འདིའི་ལྟ་གྲུབ་གསུམ་པོ་ཚང་བའི་ལས་གཞི་གལ་ཆེ་ཞིག་ལ་རྩི་བཞིན་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་གནང་བ་དང་ཆབས་ཅིག སྦེལ་ཇམ་བོད་རིགས་ཚོགས་པ་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་མཚམས། སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོས་ལས་གཞི་འདི་གལ་ཆེན་པོ་ཡིན་པ་དང་། མ་འོངས་པར་ལས་གཞི་འདི་མུ་མཐུད་གནས་ཐུབ་རྒྱུ་གལ་ཆེན་པོ་ཞིག་ཡིན་ཚུལ་སོགས་གསུངས། དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་གསུང་དོན། ཐོག་མར་ངས་སྦེལ་ཇམ་བོད་རིགས་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཁྱེད་རང་འདིར་ཕེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། བོད་པའི་གཞིས་ཆགས་ཁག་ནང་དཀའ་ངལ་མེད་པའི་གཞིས་ཆགས་མེད།
འོན་ཀྱང་དེའི་ཁོངས་ནས་ར་ཝང་ལ་གཞིས་ཆགས་ཀྱི་གནས་སྟངས་སྐྱོ་གྲས་ཤིག་ཆགས་ཡོད། རྣམ་པ་ཚོས་འདེམས་སྒྲུག་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཁྱེད་རང་སྦེལ་ཇམ་དུ་འབྱོར་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ནས་ལས་གཞི་འདིའི་ཐོག་ཐུགས་འགན་བཞེས་ཏེ། བཀའ་མོལ་གནང་བར་ནང་སྲིད་ལས་ཁུངས་ཀྱིས་ཐུགས་རྗེ་ཆེ་ཞུ་བཞཱིན་འདུག་གསུང་རོགས་གནང་། དེ་བཞིན་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་གྱིས་དབུས་རྒྱུན་ལས་དང་ཚོགས་མི་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟའི་ཆར་སྦེལ་ཇམ་ནང་གནད་དོན་ཁ་ཤས་ཤིག་གི་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་དེར་གདུང་སེམས་མཉམ་སྐྱེ་ཡོད། དཀའ་ངལ་དེ་དག་གང་མྱུར་སེལ་བའི་སྨོན་འདུན་ཡོད། ཁྱེད་རང་ཚོར་འདི་ལྟ་བུའི་དཀའ་ངལ་ཡོད་ནའང་བཀའ་ཤག་སྐབས་བཅུ་བཞི་པའི་ལས་གཞི་གལ་ཆེ་བ་འདིའི་ནང་མཉམ་རུབ་དང་མཉམ་ཞུགས་གནང་བར་ང་ཚོ་ཚང་མས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད། །