༢༠༡༤ ཟླ་ ༡༠ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་མགོ་ལོག་དགའ་བདེ་རྫོང་ཁོངས་གཙང་སྐོལ་བཤོལ་མ་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ། རང་ལོ་ ༤༢ ཙམ་ཡིན་པའི་བོད་མི་དཀོན་མཆོག་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གནས་ཚུལ་འདི་ད་བར་བརྒྱུད་བསྒྲགས་བྱེད་ཐུབ་མེད།
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱལ་གཅེས་པ་དཀོན་མཆོག་ལགས་ད་ལྟའི་ཆར་གསང་བའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཛ་དྲག་ངང་ནས་མྱུར་སྐྱོབ་ཀྱི་སྨན་བཅོས་བྱེད་བཞིན་ཡོད་འདུག ཁོང་གིས་རང་ཉིད་བོད་མི་རིགས་ཀྱི་ཆེད་ཚེ་སྲོག་བློས་གཏོང་གི་ཆོད་སེམས་ལེགས་འགྲུབ་བྱུང་མ་སོང་། ཞེས་མིག་ཆུ་ཡང་ཡང་གཏོང་བཞིན་གདུང་སེམས་དྲག་པོ་སྐྱེ་མུས་ཀྱི་གནས་ཚུལ་ཐོན་འདུག དེ་བཞིན་ད་ལྟ་ཁོང་སྨན་བཅོས་བྱེད་བཞིན་ཡོད་ཀྱང་གསོན་པའི་རེ་བ་ཆེན་པོ་མེད་ཚུལ་སོགས་ཀྱི་གནས་ཚུལ་ཡང་ཐོན་འདུག ད་ལྟའི་ཆར་དཀོན་མཆོག་ལགས་ཀྱི་ནང་མི་རྣམས་ཀྱིས་གལ་ཏེ་དཀོན་མཆོག་ལགས་གསོན་པོར་གནས་ན། རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱེད་པར་བློ་འཚབ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་འདས་གྲོངས་སུ་གྱུར་ན་ཁོང་གི་སྐུ་ཕུང་རྒྱ་གཞུང་གི་ཉེན་རྟོག་པས་བཙན་འཁྱེར་བྱེད་འགྲོ་བ་སོགས་ཀྱི་བློ་འཚབ་བྱེད་བཞིན་ཡོད་འདུག
རྒྱལ་གཅེས་དཔའ་བོ་དཀོན་མཆོག་ལགས་ནི། དེང་སྐབས་རྒྱ་གཞུང་གིས་བཅད་བཟུང་ས་ བགོས་ལྟར་གྱི་མཚོ་སྔོན་ཞིང་ཆེན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། དགའ་བདེ་རྫོང་། གཙང་སྐོར་ཡུལ་ཚོ། (གཙང་སྐོར་ཞོལ་མ) དམེ་སྐོར་སྡེ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༤༢ ཡིན་པ་དང་། ཕ་དམེ་ཚེ་དང་མ་ཁྲ་རིལ་མ་གཉིས་ཀྱི་བུ་ཡིན་འདུག་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་པ་ཟེར་ཞིང་བུ་ཞིག་གྲྭ་བ་ཡིན་ཞིང་། བུ་མོ་ཞིག་བཙུན་མ་ཡིན་འདུག
ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་གཞིས་ལུས་བོད་མི་ཁྱོན་གྲངས་ ༡༣༢ ཀྱིས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པ་བཅས།།