༢༠༡༤ ཟླ་ ༡༠ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༤ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠།༥༠ ཡས་མས་ཤིག་ལ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་དཀྱིལ་དུ། ཚོང་པ་པ་སངས་དབང་ཕྱུག་ (མིང་གཞན། སྔོ་འབྲུ།) ཞུ་བ་ཞིག་གིས་བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མིར་ཆོས་དད་རང་མོས་དགོས། ༸རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་འབོད་ཚིག་བསྒྲགས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གནང་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
འབྲེལ་ཡོད་མི་སྣས་གནས་ཚུལ་འདོན་སྤེལ་གནང་བའི་ནང་འཁོད་དོན། ཕྱི་ཚེས་ ༤ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠།༥༠ ཙམ་ལ་པ་སངས་དབང་ཕྱུག་ལགས་ཀྱིས་ཞི་རྒོལ་ཁྲོམ་སྐོར་གནང་སྐབས། ལག་ཏུ་རས་དར་དཀར་པོ་ཆེན་པོ་ཞིག་འཁྱེར་ཏེ། དེའི་ཐོག་བྲིས་པའི་འབོད་ཚིགས་ལ་གཡས་གཡོན་གྱི་མི་ཚོགས་རྣམས་ལ་བལྟ་རུ་བཅུག་སྟེ། དུས་ཡུན་སྐར་མ་བཅུ་ལྷག་ཙམ་ཁྲོམ་གཞུང་གི་མི་ཚོགས་ཁྲོད་དུ་ཡར་མར་སོང་ནས་སྐད་འབོད་བྱས་ཡོད་པ་དང་། རས་དར་ཆེན་པོའི་ཐོག་ཏུ་བཀོད་པའི་འབོད་ཚིགས་རྣམས་ནི།
༡༽ བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༢༽ བོད་ལ་རང་དབང་དགོས། ༣༽ ཆོས་ལུགས་དད་པ་རང་མོས་སྤྲོད་དགོས། ༤༽ ༸རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་ནང་དོན་བཀོད་པའི་འཕྲེད་དར་ཞིག་ཁྱེར་ཏེ། སྐད་ཤུགས་ཆེན་པོས་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་གནང་འདུག་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་འདུག་ཀྱང་། ད་ལྟའི་ཆར་གནས་སྟངས་ཇི་བྱུང་ཤེ་རྟོགས་མེད་པར་གྱུར་འདུག
ཁོང་ནི་དཀར་མཛེས་རྫོང་། གསེར་ཆུ་ཤང་། འབུ་ཆུ་དབྱར་ཁབ་གྲོང་ཚོ་ནས་ཡིན་ཞིང་། དཀར་མཛེས་ས་གནས་སུ་ཚོང་པ་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་འདུག ཁོང་གི་ཕ་མིང་ལ་ཆོས་དབང་རྒྱ་མཚོ་དང་། མ་མིང་ལ་རིན་དགའ་ཞུ་གི་ཡོད།ཁོང་ཕྱི་ལོ་ ༡༩༧༧ ལོར་འཁྲུངས་ཤིང་ད་ལྟ་རང་ལོ་ ༣༧ ཡིན་འདུག ཁོང་གི་ད་ལྟའི་སྡོད་གནས་དཀར་མཛེས་རྫོང་། སྡེ་མགོན་པོ་གཙུག་ལག་ཁང་གི་ཉེ་འཁྲིས་ཡིན་པ་དང་། ཁོང་གི་བཟའ་ཟླའི་མཚན་ལ་བསོད་ནམས་དང་ཕྲུ་གུ་བུ་མོ་གཉིས་དང་བུ་གཅིག་ཡོད་པ་དང་། ཕྲུ་གུ་ཆུང་ཤོས་དེ་རང་ལོ་ལྔ་ཡིན་འདུག
ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་བཙུན་མ་སྤོས་དབང་ལགས་ཀྱང་ཕྱི་ལོ་ ༢༠༠༨ ལོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཞི་རྒོལ་ནང་ཞུགས་པར་བརྟེན། རྒྱ་གཞུང་གིས་ལོ་གཉིས་དང་ཟླ་དྲུག་རིང་བཙོན་འཇུག་བྱས་ཏེ། བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་བཀྲོལ་ཐོབ་ཡོད་ཀྱང་། བཙོན་ཁང་ནང་ཉེས་རྡུང་ཚབས་ཆེན་བཏང་ཡོད་པར་སོང་གཟུགས་པོ་སྐྱོན་ཅན་བཟོས་ཡོད།
འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། པ་སངས་དབང་ཕྱུག་གམ་སྔོ་འབྲུ་ལགས་ནི་ཁམས་དཀར་མཛེས་ཕྱོགས་ནས་ཚུལ་ལྡན་གྱི་ཚོང་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ནམ་རྒྱུན་སྐྱོ་པོ་ཚོར་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན་པས། རྒྱུན་ལྡན་འཚོ་བའི་ཐོག་ལ་དཀའ་ངལ་གང་ཡང་མེད་ནའང་། བོད་མི་རིགས་ལ་རང་དབང་མེད་པས་སྡུག་བསྔལ་ནི་སེམས་ཁོངས་སུ་མི་ཤོང་བའི་དཀའ་ངལ་དེ་བོད་མི་གཞན་དང་གཅིག་མཚུངས་སུ་འཕྲད་བཞིན་པར་བརྟེན། རྒྱུན་དུ་མི་རིགས་ཀྱི་ཆེད་དུ་ཁ་སེམས་གཏིང་ནས་བདེན་དོན་སྨྲ་མཁན་ཞིག་ཡིན་འདུག །