༢༠༡༤ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་ཁེ་ན་ཌའི་ཝན་ཁོ་ཝར་གྲོང་ཁྱེར་དུ་ (Vancouver) ༸ཞབས་སོར་བདེ་བར་འཁོད་གྲུབ་མཚམས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་མགོན་པོ་གང་ཉིད་མཆོག་ཁེ་ན་ཌར་སླར་ཡང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཆེ་བསྟོད་དང་ལྷན་ཕེབས་བསུའི་འཚམས་འདྲི་ཞུས་འདུག
དེ་ཡང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་གསུང་འདོན། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁེ་ན་ཌར་སླར་ཡང་ཆིབས་སྒྱུར་བསྐྱངས་པར་འཚམས་འདྲི་ཞུ་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ། ཁེ་ན་ཌས་ཆེ་བསྟོད་ཀྱི་མི་སེར་མཚན་གནས་འབུལ་ལམ་ཞུས་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྩོལ་བཞིན་པའི་བྱམས་པ་དང་སྙིང་རྗེའི་ལམ་སྟོན་ལ་འཛམ་གླིང་མི་དམངས་ནས་ཆེ་བསྟོད་ཀྱི་གུས་བཀུར་ཞུ་བཞིན་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གནད་དོན་འདི་བཞིན་རྒྱ་ནག་གཞུང་དང་ལྷན་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་ཀྱི་མཛད་རྗེས་ལ་ཆེ་བསྟོད་སླད་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་ཁེ་ན་ཌའི་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་ལྷན་རྒྱལ་ཁབ་འདིའི་མི་སེར་གྱི་མཚན་གནས་འབུལ་ལམ་ཞུས་ཡོད། ཕྱོགས་མཚུངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མང་ཚོགས་དང་ཕྲུ་གུའི་ཤེས་ཡོན་བསྟི་གནས་ཁག་ལ་བྱམས་པ་དང་སྙིང་རྗེའི་ལམ་སྟོན་མཛད་ཡོད་པ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་རང་དབང་སྲུང་སྐྱོབ། དེ་བཞིན་བོད་ཀྱི་བདེན་དོན་གྱི་འཐབ་རྩོད་ཞི་བའི་ལམ་ནས་གསལ་ཐབས་མཛད་དང་མཛད་མུས་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི། ང་ཚོ་འགྲོ་བ་མིའི་རིགས་ལ་བྱམས་བརྩེ་དང་སྙིང་རྗེའི་མིག་དཔེ་འདོན་གནང་མཛད་མཁན་གྱི་ཆེ་བསྟོད་ཞུས་འོས་པའི་བླ་ན་མེད་པའི་མི་སྣ་ཞིག་ཡིན། ཞེས་གསུང་བཤད་གནང་འདུག
ཕྱོགས་མཚུངས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཡུལ་དེའི་གཞུང་ཕྱོགས་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་དགོས་སྐོར་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་འཁོད་དོན། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་བཟུང་དང་འཛིན་མུས་ལ་བརྟེན། ད་བར་བོད་མི་ ༡༣༢ ནས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༦ ལོར་ཁེ་ན་ཌའི་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱལ་ཁབ་འདིའི་ཆེ་བསྟོད་མི་སེར་གྱི་མཚན་གནས་འབུལ་ལམ་ཞུས་ཡོད་པར་བརྟེན། ད་ཆ་ཡུལ་འདིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཞུས་ཏེ། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་གནས་ཚུལ་རྣམས་རྒྱལ་སྤྱིའི་མང་ཚོགས་ནས་ལྷག་སྔར་ཤེས་པ་བཟོ་ཐུབ་ན། ཁེ་ན་ཌའི་གཞུང་ནས་རྒྱ་ནག་གཞུང་དང་ལྷན་འབྲེལ་མོལ་གནང་སྐབས། བོད་ཀྱི་གནད་དོན་འདི་བཞིན་གཙོ་གྲས་ཁོངས་སུ་འཇོག་ཐུབ་ཀྱི་རེད། ཅེས་སོགས་འཁོད་འདུག་པ་བཅས། །