༢༠༡༤ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །འདི་གར་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་གཱན་དྷིའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད། ཉེ་འགྲམ་རྒྱ་གར་པཱེ་ལོ་གྲོང་གསེབ་ནང་ཡུལ་མི་རིགས་དམན་ཧཱ་རི་ཇན་རྣམས་ལ་གྱོན་ཆས་བགོས་འགྲེམས་ཞུས་ཡོད། འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཀུམ་རའོ་བོད་མིའི་གཞིས་ཆགས་སུ་ལོ་འདིའི་ནང་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་རིམ་ཁག་དྲུག་གསལ་བསྒྲགས་ཞུས་ཁོངས་རང་རིགས་དང་རྒྱ་གར་ཉམ་ཐག་རིགས་ལ་གང་ཐུབ་རོགས་སྐྱོར་ཞུ་རྒྱུ་ཞེས་གསལ་བ་བཞིན།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག རྒྱ་གར་འཕགས་པའི་ཡུལ་དང་ལྷག་པར་འཛམ་གླིང་ནང་ཞི་བདེ་ལ་དགའ་བའི་སྐྱེ་བོ་རྣམས་ནས་མེས་པོ་དམ་པ་གཱན་དྷིའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུ་བཞིན་པའི་དུས་ཚིགས་དང་བསྟུན། ཀུམ་རའོ་གཞིས་ཆགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་ཀུམ་རའོ་ཉེ་འགྲམ་པཱེ་ལོ་ཞེས་རིགས་དམན་༼ཧཱ་རི་ཇན།༽གྲོང་གསེབ་ཏུ་གཞིས་ཁོངས་ས་འཐུས་ཚོགས་གཙོ་ངག་དབང་བློ་གྲོས་ལགས་དང་། ས་གནས་འགོ་འཛིན་དངོས་གྲུབ་འོད་ཟེར་ལགས། རང་བདེན་ཚོགས་ཆུང་གི་འཐུས་མི་ས་འཛིན་དབང་མོ་ལགས། སྒ་ཚོགས་འཐུས་མི་སྐལ་བཟང་རྡོ་རྗེ་ལགས་བཅས་ཀྱིས་གཞིས་ཆགས་མི་མང་ནས་སྔོན་ཚུད་ནས་བསྡུ་རུབ་ཞུས་པའི་གྱོན་ཆས་སྣ་ཚོགས་ཁ་གསར་ཁྱོན་གྲངས་ ༡༧༢ ཙམ་པཱེ་ལོ་གྲོང་སེབ་ཏུ་གནས་པའི་ཁྱིམ་ཚང་ ༡༨ ལ་གྱོན་ཆས་ཆ་སྙོམས་བགོས་འགྲེམས་ཞུས་ཡོད། སྤྱིར་གྲོང་གསེབ་འདིའི་ནང་ཁྱོན་བསྡོམས་རིགས་དམན་མི་གྲངས་ ༡༢༠ ཙམ་ཡོད་ལུགས་འགྲེལ་བརྗོད་གནང་སོང་། གོང་གསལ་གྲོང་གསེབ་དེའི་ཡུལ་མི་དང་ལྷག་པར་ཉེ་འཁོར་རྒྱ་གར་གྲོང་གསེབ་གཞན་ནང་ཉམ་ཐག་ཁྱིམ་ཚང་ཁག་གཅིག་ལ་དོ་བདག་དངོས་སུ་ངོ་ཐུག་གིས་གྱོན་ཆས་དགོས་མཁོ་ལྟར་བགོས་འགྲེམས་གནང་ཡོད།
སྐབས་དེར་པཱེ་ལོ་གྲོང་གསེབ་ཡུལ་མི་རྒན་བྱིས་བར་གསུམ་དང་ཏི་ལོར་རྡར་ཁྲོམ་གཞུང་གནས་སྡོད་ཡུལ་མི་རྣམས་ལ་གཱན་དྷིའི་འཁྲུངས་སྐར་དགའ་སྟོན་ལ་མངར་བཟས་༼ལ་གྲུ་༽ བགོས་འགྲེམས་བྱས་སྐབས་ཁོང་རྣམས་དགའ་ཚོར་ཆེན་པོ་བྱུང་བའི་རྣམ་པ་སྟོན་ཡོད་པ་མ་ཟད། གྲོང་གསེབ་པ་རྣམས་ནས་མ་འོངས་པར་ལོ་ལྟར་མུ་མཐུད་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་སོང་།
ཐེངས་འདིར་གཱན་དྷིའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུས་མཚོན་ས་གནས་ནས་ཡུལ་མི་ཉམ་ཐག་ཁག་གཅིག་ལ་རོགས་སྐྱོར་གྱིས་ལས་འགུལ་རྒྱ་ཆེ་བ་ཞིག་སྤེལ་ཐུབ་པ་བྱུང་ཡོད།།