༢༠༡༤ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་འཁྲུངས་ཚེས་ (Gandhi Jayanti) དང་འབྲེལ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་པའི་མཛད་སྒོར་སྐུ་མགྲོན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Shirin Ebadi མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བཀའ་སྤྱི་ལྷན་རྒྱས་ཀྱིས་གཙོས་གཞུང་གི་མཛད་གཙོ་རྣམ་པ་དང་། གཞིས་བྱེས་བོད་མི་ཚང་མར་ཐོག་མར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ང་རང་དེ་རིང་དགའ་སྟོན་གྱི་མཛད་སྒོ་འདི་ལྟ་བུར་མཉམ་ཞུགས་ཐུབ་པ་ཧ་ཅང་དགའ་པོ་བྱུང་། ང་རང་རྡ་སར་ཡོང་ཐེངས་གཉིས་པ་ཆགས་ཡོད།
དེར་བརྟེན་ཁྱེད་རྣམ་པས་ང་ལ་མཛའ་བརྩེ་ཆེན་པོའི་ཐོག་ནས་སྣེ་ལེན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྤྱིར་ངས་དུས་རྟག་ཏུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད། འོན་ཀྱང་ང་རང་རྡ་སར་འབྱོར་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་ཀྱི་མཛད་རྗེས་སོགས་དངོས་སུ་མཇལ་སྐབས་གུས་བརྩི་དེ་བས་ཆེ་རུ་ཕྱིན་སོང་། བོད་གསོན་པོར་གནས་པར་བོད་ཀྱི་ཐུན་མིན་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ལྟ་ཁྱེད་རྣམས་བཙན་བྱོལ་བའི་གནས་སྟངས་ཐོག་དཀའ་ངལ་མང་པོར་གདོང་ལེན་གནང་དགོས་པ་ཆགས་ཡོད། འོན་ཀྱང་སྐྱིད་པའི་ཉི་མ་མགྱོགས་མྱུར་འཆར་ངེས་རེད། ཁྱེད་ཚོར་འཚེ་མེད་ཞི་བའི་ལམ་སྟོན་མཛད་མཁན་གྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཡོད་པ་ནི་ཧ་ཅང་སྐལ་པ་བཟང་པོ་རེད། འཛམ་གླིང་དང་ཨི་རན་མི་མང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ནས་བློ་སྐྱེད་མང་པོ་ལེན་ཐུབ་ཡོད་པ་ནི། དཔེར་ན། རང་ཉིད་ལ་དཀའ་ངལ་ཇི་འདྲ་འཕྲད་ཀྱང་རེ་བ་གསོན་པོར་གནས་དགོས་པ་དང་། དཀའ་ངལ་ཇི་འདྲ་ཞིག་ཡིན་རུང་ནམ་ཞིག་དེ་དག་ལས་ཐར་ངེས་ཡིན། དཔེར་ན། མཚན་གྱི་དུས་སུ་མུན་པ་ནག་ཀྱང་རིམ་པས་ཉི་མ་འཆར་སྐབས་སེལ་རྒྱུ་ཡིན་པ་ལྟ་བུ་རེད། དེ་ལྟར་ཉི་མ་འཆར་རྒྱུར་སུས་ཀྱང་འགོག་རྐྱེན་བཟོ་མི་ཐུབ་པ་ལྟར། བདེན་པའི་མཐའ་གསལ་རྒྱུར་སུས་ཀྱང་འགོག་ཐབས་མེད།
དེར་བརྟེན་ང་ཚོས་ཉི་མ་འཆར་རྒྱུར་ངང་སྒུག་བྱེད་ཐུབ་པ་དགོས། ནམ་ཞིག་ཉི་མ་འཆར་ངེས་ཡིན་པ་ང་ལ་ཡིད་ཆེས་གཙང་མ་ཡོད། དེར་བརྟེན་མི་རིང་བར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཐོག་ང་ཚོས་བོད་ནང་་དགའ་སྟོན་གྱི་མཛད་སྒོ་འདི་འདྲ་ཞིག་ཚོགས་ཐུབ་རྒྱུར་ང་ལ་ཡིད་ཆེས་གཙང་མ་ཡོད། སྐབས་དེར་ཁྱེད་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་ཀྱི་ཐུན་མིན་རིག་གཞུང་གསོན་པོར་གནས་ཐུབ་པའི་ངེས་པ་རྙེད་ཀྱི་རེད། ང་རང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འཐབ་རྩོད་བྱེད་མཁན་ཞིག་ཡིན། གནད་དོན་དེའི་ཐོག་ངས་འདས་པའི་མི་ལོ་ ༤༥ རིང་འབད་བརྩོན་བྱས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ཀྱིས་ང་ལ་ཧ་ཅང་བློ་སྤོབས་ཐོབ་བྱུང་། རྒྱ་ནག་གཞུང་ནས་ཀྱང་ཁོང་གི་མཛད་རྗེས་ལས་བློ་སྐྱེད་ལེན་རྒྱུའི་རེ་བ་ཞུ་རྒྱུ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་ལིའུ་ཞའོ་པོ་མཆོག་ཀྱང་མགྱོགས་མྱུར་བཙོན་བཀྲོལ་གཏོང་རོགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མིས་གཙོས་གྲངས་ཉུང་མི་རིགས་ཚང་མའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས། དེང་སྐབས་རྒྱ་ནག་ནང་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གྲངས་ཉུང་མི་རིགས་གཅིག་ནི་ཡུ་གུར་ཁ་ཆེ་བ་ཚོ་ཆགས་ཡོད། ཡུ་གུར་བ་ཚོས་ཀྱང་བོད་མི་ལྟར་རང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་བཞིན་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་ཁོང་ཚོར་དྲག་གནོན་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་དྲག་གནོན་དེ་དག་མཚམས་འཇོག་བྱ་རྒྱུར་ངས་རེ་བ་བྱེད་བཞིན་ཡོད། འཚེ་བའི་བྱ་སྤྱོད་ནི་ནད་ཡམས་ཀྱི་ནད་འབུ་ལྟ་བུ་རེད། སྲིད་གཞུང་སུས་ཀྱང་དྲག་པོའི་ཐབས་ལམ་ལ་བརྟེན་ནས་འཚོ་ཐབས་བྲལ། ཁ་ཆེའི་ཆོས་འདི་འཚེ་མེད་ཞི་བའི་ཆོས་ལུགས་ཤིག་ཡིན་པ་ཡུ་གུར་ཁ་ཆེ་བ་ཚོས་གསལ་སྟོན་བྱས་ཡོད། དཀྱིལ་ཤར་ཡུལ་གྲུའི་ནང་ཁ་ཆེའི་ཆོས་ཁ་ལ་འཁྱེར་ནས་མི་གསོད་ཁྲག་སྦྱོར་བྱེད་བཞིན་པ་དེ་ནི་ཁ་ཆེའི་ཆོས་བེད་སྤྱོད་ལོག་པ་བྱེད་བཞིན་ཡོད། ནང་ཆོས་དང་ཧིན་དུའི་ཆོས་ལུགས་བཞིན་ཁ་ཆེའི་ཆོས་དེ་ཡང་འཚེ་མེད་ཞི་བར་གཞི་བཅོལ་བའི་ཆོས་ལུགས་ཤིག་ཡིན། ཕྱི་ལོ་ ༢༠༠༥ ལོར་ང་ལ་མགྲོན་འབོད་གནང་བ་ལྟར་རྒྱ་གར་གྲོས་ཚོགས་ནང་བཅར་རྒྱུ་བྱུང་། སྐབས་དེར་ངས་གྲོས་ཚོགས་ནང་ལོ་ལྟར་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་གཱན་དྷིའི་འཁྲུངས་སྐར་ཉིན་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་བསམ་འཆར་ཕུལ་ཡོད། སྟབས་ལེགས་པ་ཞིག་ལ་རྒྱ་གར་གྲོས་ཚོགས་ཀྱི་དེ་ལྟར་ལག་བསྟར་གནང་རྒྱུར་མོས་མཐུན་གནང་བ་མ་ཟད། དེ་རྗེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཞི་བདེར་དགའ་བའི་མི་ཚང་མས་བརྩི་བཀུར་ཧ་ཅང་ཞུ་ཡུལ་ཞིག་ཡིན། གོང་དུ་གསུང་བཤད་གནང་མཁན་གྱིས་གསུངས་པ་ལྟར། ལྷོ་ཨ་ཕི་རི་ཀའི་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་མ་ཞུས་པར་བརྟེན། ཡུལ་དེའི་ཀེབ་ཊའོན་གྲོང་ཁྱེར་ནང་འཚོགས་རྒྱུའི་ནོ་བེལ་ཞི་བདེའི་ལྷན་ཚོགས་སུ་ཐོག་མར་ང་ཚོ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བུད་མེད་ཚང་མས་ལྷན་ཚོགས་དེར་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། དེ་རྗེས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐྱེས་པ་ཚོས་རྒྱབ་སྐྱོར་གནང་བར་བརྟེན། ད་ལྟའི་འཆར་ཁུལ་དེར་འཚོགས་འཆར་ཡོད་པའི་ནོ་བེལ་ཞི་བདེའི་ལྷན་ཚོགས་གནས་སྐབས་ཕྱིར་བསྡུ་གནང་དགོས་ཐུག་ཡོད། གནས་ཚུལ་འདི་ལྟ་བུ་དེ་སྔ་ཀོ་སི་ཊ་རི་ཀའི་ (Costa Rica)ནང་བྱུང་ཡོད། ཡུལ་དེར་ཞི་བདེའི་ལྷན་ཚོགས་གོ་སྒྲིག་གནང་སྐབས་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་མ་ཞུས་སྟབས། ང་ཚོས་ལྷན་ཚོགས་སུ་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་པར་བརྟེན་ལྷན་ཚོགས་ཕྱིར་བསྡུ་གནང་དགོས་ཐུག་ཡོད། འབྱུང་འགྱུར་ཡང་ནོ་བེལ་ཞི་བདེའི་ལྷན་ཚོགས་གང་དུ་འཚོགས་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངེས་པར་དུ་ལྷན་ཞུགས་མཛད་ཐུབ་པ་དགོས། དེ་འདྲ་མ་བྱུང་ཚེ་ང་ཚོ་ཡང་འགྲོ་རྒྱུ་མིན། ཞེས་གསུང་བཤད་གནང་།།