༢༠༡༤ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་འཁྲུངས་ཚེས་ (Gandhi Jayanti) དང་འབྲེལ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་ Jody Williams མཆོག་དང་། ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Shirin Ebadi མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། མི་དམངས་དང་སློབ་ཕྲུག་སོགས་ཁྱོན་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་མཛད་སྒོར་༸ཞབས་སོར་འཁོད་འཕྲལ། མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མས་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་མུར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་།
དེ་རྗེས་བོད་ཀྱི་རྩ་དོན་ཆེད་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་གཙོས་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་འབུལ་ལམ་ཞུས་ཏེ། སྐུ་མགྲོན་རྣམ་པར་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕེབས་བསུའི་ངོ་སྤྲོད་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་།
དེ་ནས་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་མཆོག་དང་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་གིས་རིམ་བཞིན་གསུང་བཤད་གནང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་གྲུབ་མཚམས། རྟེན་འབྲེལ་མཚོན་བྱེད་གཞས་སྣ་ཁག་གསུམ་གཟིགས་འབུལ་དང་མང་ཚོགས་ལ་མངར་ཟས་བགོས་འགྲེམས་གནང་། མཐར་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་དགའ་སྤྲོའི་རྣམ་པའི་ཁྲོད་གྲོལ་ཡོད།།