༢༠༡༤ ཟླ་ ༡༠ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཐོག་མར་ཨ་ལ་བྷ་མ་མངའ་སྡེའི་ནང་ཆེད་མངགས་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཆེད་ཨ་རིའི་གྲོང་ཁྱེར་ཨེ་ཊ་ལེན་ཊ་དང་ནིའུ་ཡོཀ ནིའུ་འཇར་སི། མིན་ནེ་སོ་ཊ་བཅས་ནས་ཕེབས་པའི་བོད་མི་ ༣༥༠ ལ་མཇལ་ཁ་དང་བཀའ་སློབ་སྩལ། དེ་རྗེས་ཨ་ལ་བྷ་མའི་སྒྱུ་རྩལ་འཁྲབ་སྟོན་གྱི་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་བྷར་མིང་ཧམ་གྱི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཝིལ་ཡེམ་བྷེལ་ Mayor William Bell མཆོག་གིས་ཕེབས་བསུ་ཞུས། སྐབས་དེར་མང་ཚོགས་གྲངས་ ༢༠༠༠ བརྒལ་བའི་དབུས་སུ་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་གྲོང་སྡེ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱང་ཐུབ་ན་བསམ་པའི་རེ་བ་ཞུས་ཡོད་ཀྱང་མཛད་འཕྲིན་སྔོན་ཚུད་ནས་གཏན་འབེབས་ཟིན་སྟབས་ཆིབས་སྒྱུར་བསྐྱང་ཐུབ་མེད། ཅེས་གསུངས། ལྷན་ཚོགས་སྐབས་ཁ་ཆེའི་ཆོས་དཔོན་ཨི་མམ་ཁཱ་ལི་ཏི་ལ་ཏིབ་Imam Khalid Latif མཆོག་དང་། ནིའུ་ཡོཀ་གཙུག་ལག་སློབ་གྲྭའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཨེ་རིཀ་ཨེན་རིའོ་སི་མཆོག Rev Eric Andrews དེ་བཞིན་ཇིའུ་ཆོས་དཔོན་སྐུ་ཞབས་ཤུ་མུ་ལེ་བྷོ་ཊིཀ་མཆོག་ Rabbi Shmuley Boteach སོགས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་གཅིག་དང་ལྷན་ཆོས་ལུགས་མཐུན་སྒྲིལ་སྐོར་བགྲོ་གླེང་མཛད།
སྐབས་དེར་ཐོག་མར་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་བྷོབ་སེལ་མན་ Bob Selman ལགས་ཀྱིས་སྡིངས་ཆའི་སྟེང་གི་བགྲོ་གླེང་མཛད་མཁན་ཆོས་ལུགས་དབུ་ཁྲིད་རྣམས་ངོ་སྤྲོད་ཞུས་རྗེས་ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོད་ལེན་པ་མི་རིགས་ནག་པོའི་འགོ་ཁྲིད་མར་ཊིན་ལུ་ཐར་ཀིང་གཞོན་པ་ Martin Luther King Jr. མཆོག་གིས་བརྩམས་པའི། བྷར་མིང་ཧམ་བཙོན་ཁང་ནས་སྤྲིངས་པའི་ཡི་གེ ‘Letter from Birmingham Jail’ ཞེས་པ་ནས་ཚིགས་བཅད་དུམ་བུ་ཞིག་ཟུར་འདོན་གྱིས་སྙན་སྒྲོན་ཞུས་པ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འཐབ་རྩོད་གནང་སྐབས་ང་ཚོས་ངང་སྒུག་བྱེད་དགོས་མིན་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པ་ལྟར་བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ནི་ང་ཚོའི་གཞི་རྩའི་ཐོབ་ཐང་ཡིན། འོན་ཀྱང་བདེ་སྐྱིད་བསྒྲུབ་རྒྱུའི་ཐབས་ལམ་དེ་དངོས་ཡོད་གནས་ཚོད་དང་རན་པ་ཞིག་དགོས། དངོས་གནས་དང་རན་པའི་ཐབས་ལམ་ཞིག་མིན་ན་ང་ཚོར་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་འཐོབ་ཀྱི་མ་རེད། དེར་བརྟེན་ང་ཚོས་སོ་སོའི་མངོན་འདོད་སྒྲུབ་པར་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་ལྟ་དགོས།
ཐོག་མར་མངོན་འདོད་དེ་སྒྲུབ་ཐུབ་མིན་དང་གལ་ཏེ་སྒྲུབ་ཐུབ་ས་རེད་སྙམ་པ་འདུག་ན་དུས་ཡུན་རིང་ཐུང་ཇི་ཙམ་འགོར་མིན་ཚོད་དཔག་བྱེད་དགོས། ལམ་སེང་ལས་སླ་པོས་སྒྲུབ་ཐུབ་པ་ཞིག་འདུག་ན་དེར་འབད་བརྩོན་བྱེད་དགོས། གལ་ཏེ་ལམ་སེང་སྒྲུབ་ཐུབ་པ་ཞིག་མེད་ཚེ་ངང་སྒུག་བྱེད་དགོས། འབད་བརྩོན་ཇི་ལྟར་བྱས་ཀྱང་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱ་དགོས། དེ་ལྟར་བྱས་ན་མི་ཚོས་ཡིད་ཆེས་བྱེད་ཀྱི་རེད། ཡིད་ཆེས་དེས་རྒྱབ་སྐྱོར་འཐོབ་ཀྱི་རེད། ཕྱོགས་གཅིག་ནས་ངང་རིང་བྱ་རྒྱུ་འདི་བྱམས་བརྩེའི་ཉམས་ལེན་ལྟ་བུར་བརྩི་ཆོག ལས་དོན་གྲུབ་འབྲས་དང་ལམ་ལྷོང་མ་ཕྱིན་ཚེ་ངང་སྒུག་བྱེད་མ་ཐུབ་པའི་གནས་སྟངས་ཡོང་བཞིན་ཡོད། ཁྱེད་རང་ཨ་རི་བ་ཚོས་ཁ་རེ་ཁར་ཐུག་བྱ་རྒྱུའི་གོམས་གཤིས་འདིར་ངོས་རང་ཧ་ཅང་དགའ་པོ་ཡོད། འོན་ཀྱང་གཞོན་སྐྱེས་ཁག་གཅིག་ངང་རིང་བྱ་རྒྱུའི་གོམས་གཤིས་མེད་པ་ལྟ་བུ་མཐོང་བྱུང་། དེར་བརྟེན་སེམས་ལྷོད་ལ་བབ་པའི་ཐོག་ནས་ངང་རྒྱུ་རིང་ཙམ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།