ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ནས་ ༩ བར་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་མཇུག་སྒྲིལ་ཉིན་བཀའ་སློབ་སྩལ་དོན།
དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མ་རེད། རྩ་བ་ཤེས་རབ་ཀྱི་འཕྲོས་རྣམས་ལུང་གཙོ་འདོན་གྱིས་དེ་ནས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བྱ་རྒྱུ་ཡིན། མཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ་ནི། མིའི་རྣམ་དཔྱོད་བེད་སྤྱོད་ཆ་ཚང་བ་བྱས་ནས་ཉོན་མོངས་ཀྱི་གཉེན་པོ་བསྟེན་ཏེ། ནམ་མཁའི་མཐའ་ལ་གཏུགས་པའི་སེམས་ཅན་ལ་ཕན་སེམས་ཀྱི་སེམས་བསྐྱེད་མེད་པ་ཡིན་ན། ཡོང་ཐབས་མེད་པས་མི་ལུས་འཐོབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་མངོན་མཐོ་བསྒྲུབ་པ་དང་། ངེས་ལེགས་བསྒྲུབ་པའི་ཆོས་ཚན་གཉིས་གསུངས་ཡོད། ཨཱརྱ་དེ་བའི་དབུ་མ་བཞི་བརྒྱ་བའི་ནང་དུའང་འདི་ལྟར་གསུངས་ཡོད།
བསོད་ནམས་མིན་པ་དང་བོར་ཟློག །བར་དུ་བདག་ནི་ཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་ཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །
ང་ཚོའི་དམིགས་ཡུལ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རེད། དེ་ཐོབ་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ནུས་པ་ཡོད་པའི་མིའི་ལུས་རྟེན་མངོན་མཐོ་ཐོབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གནས་སྐབས་མངོན་མཐོ་བསྒྲུབ་པ་དང་། མངོན་མཐོ་བརྒྱུད་ནས་ངེས་ལེགས་བསྒྲུབ་དགོས་པ་རེད། མངོན་མཐོ་བསྒྲུབ་པའི་ཐབས་ནི་མངོན་མཐོ་འགྲུབ་བྱེད་ཀྱི་རྒྱུ་དང་། ངན་འགྲོར་འཕེན་པའི་ལས་བསྡོམས་པའི་སྒོ་ནས་མངོན་མཐོ་བསྒྲུབ་དགོས།
དབུ་མ་བཞི་བརྒྱ་བའི་ནང་ལ། །བསོད་ནམས་མིན་པ་དང་བོར་ཟློག ཅེས་གསུངས་པ་ལྟར། བསོད་ནམས་མ་ཡིན་པའི་སྡིག་པའི་ལས་ཀྱིས་ངན་འགྲོར་འཕེན་གྱི་ཡོད། ལག་ལེན་གྱི་སྐབས་སུ་དེ་ཟློག་པ་རིམ་པ་དང་པོ་བྱས་རྗེས་བར་དུ་བདག་ནི་ཟློག་པར་བྱེད། ཅེས་མངོན་མཐོའི་ལུས་རྟེན་གྱི་ཐོག་ནས་ངེས་ལེགས་སྒྲུབ་པའི་ཐབས་གང་ཟག་གི་བདག་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་སྐྱེས་པ་དང་། དེའི་ཐོག་ལ་ཏིང་ངེ་འཛིན། དེའི་གཞི་རྟེན་ལ་ཚུལ་ཁྲིམས་ཀྱི་བསླབ་པ་བཅས་བསླབ་པ་འདི་གསུམ་རྒྱུད་ལ་སྐྱེས་པའི་ཐོག་ནས་བར་དུ་བདག་ནི་ཟློག་པར་བྱེད། ཅེས་པ་འདི་གསུངས་པ་རེད།
དེ་ནས་རང་གཅིག་པུའི་ཆེད་དུ་བསམ་པ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་མཐའ་དག་ལ་ཕན་བདེ་སྒྲུབ་པའི་བློ་བསྐྱེད་ནས། ནམ་མཁའི་མཐའ་གཏུགས་པའི་སེམས་ཅན་རེ་རེའི་ཁམས་དང་མོས་པ། བག་ལ་ཉལ་ཇི་ལྟ་བ་བཞིན་མ་ཤེས་པ་ཡིན་ན་གཞན་དོན་ཉི་ཚེ་བ་ལས་བསྒྲུབ་མི་ཐུབ་པས། སེམས་ཅན་གྱི་ཁམས་དང་མོས་པ། བསམ་པ་ཇི་མ་ཇི་བཞིན་ཤེས་པར་བར་དུ་གཅོད་པའི་ཤེས་པའི་སྒྲིབ་པ་སྤངས་དགོས་པ་ཡིན། ཤེས་པའི་སྒྲིབ་པ་སྤངས་པའི་ཐབས་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས་སྟོང་ཉིད་ཀྱི་ལྟ་བ་བསྒོམ་པ་དང་། དེ་ཡང་དགོས་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་སྟོང་ཉིད་སྒོམ་པ་ཞིག་གསུང་གི་ཡོད། དེ་ནི་ཐ་མར་ལྟ་ཞིག་ཀུན་ཟློག་པ། །ཞེས་པ་འདི་རེད།
དེ་ལྟ་བུའི་ཚུལ་ལུགས་ཤེས་པ་ཡིན་ན་མཁས་པ་རེད། ཅེས་དབུ་མ་བཞི་བརྒྱ་བར་གསུངས་ཡོད། ཇོ་བོ་རྗེ་བོད་ལ་ཕེབས་ནས་ལམ་སྒྲོན་མཛད་པ་རེད། དེའི་དོན་དག་འདི་རེད། བསོད་ནམས་མིན་པ་དང་བོར་ཟློག །ཅེས་པ་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དང་། བར་དུ་བདག་ནི་ཟློག་པ་དང༌། ཞེས་པ་སྐྱེས་བུ་འབྲིང་གི་ཆོས་སྐོར། ཐ་མར་ལྟ་ཞིག་ཀུན་ཟློག་པ། །ཞེས་པ་སྐྱེས་བུ་ཆེན་པོའི་ཆོས་སྐོར་བཅས་སྐྱེས་བུ་གསུམ་གྱི་ལམ་རིམ་པ་དེ་དག་རེད། ཅེས་སོགས་ཀྱི་བཀའ་སློབ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཟུར་མཇལ་སྐབས་ཐེ་ཝན་གྱི་ཆོས་ཞུ་བ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་སྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན།
ངོས་རང་ཐེ་ཝན་དུ་ཐོག་མར་ཅིན་ཞིང་བླ་མས་གོ་སྒྲིག་ཞུས་ཏེ་བསླེབས་པ་རེད། དེ་ནས་ལོ་གནངས་ཆགས་ཐེ་ཝན་ནང་འགྲོ་རྒྱུའི་འཆར་གཞི་བསྒྲིགས་པ་ཡིན། ཐེངས་མ་གཉིས་པ་ཞིག་བསླེབས་པ་རེད། ཆུ་ལོག་བྱུང་སྟེ་ཁྱུག་ཙམ་བསླེབ་ཐུབ་པ་བྱུང་བ་མ་གཏོགས་གཞན་བསླེབ་རྒྱུའི་གོ་སྐབས་ཐེ་ཝན་གཞུང་གི་ཆོག་མཆན་སྤྲོད་ཀྱི་མེད་པར་བརྟེན་ངོས་ལ་བྱེད་རྒྱུ་གང་ཡང་མེད། ངོས་ཀྱིས་ཐེ་ཝན་བརྗེད་ནས་མ་ཡོང་བ་དེ་འདྲ་གང་ཡང་མིན། ཐེ་ཝན་གཞུང་ནས་ཡོང་ཆོག་པའི་བཀའ་འཁྲོལ་མ་གནང་བར་ངོས་རང་ཡོང་ཐབས་མེད། ཁྱེད་རང་ཚོ་ཐེ་ཝན་གྱི་སྤྱི་འབངས་རེད། དེར་བརྟེན་ཁྱེད་རང་ཚོའི་མངོན་འདོད་འདི་ཐོག་མར་གཞུང་ནས་ཤེས་པ་བྱས་ན་ཡག་པོ་ཡོད། གལ་ཏེ་ཐེ་ཝན་གཞུང་གིས་མཐོང་མཆན་གནང་ཚེ། ངོས་རང་ག་དུས་ཡིན་རུང་གྲ་སྒྲིག་ཨང་གསར་ཡིན། ཁྱེད་རང་ཚོ་དངོས་གནས་དོན་གཉེར་ཆེན་པོ་རེད་འདུག ལྷག་པར་ནང་ཆོས་ལ་ཡུན་སྲིང་ནས་དོན་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ།།