༢༠༡༤ ཟླ་ ༡༠ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ནས་ ༩ བར་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ཐེ་ཝན་དད་ལྡན་རྣམ་པའི་འཐུས་མིས་སྤོས་སྣེས་སྔོན་བསུས་ཏེ། ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཐེ་ཝན་ཆོས་ཞུ་བ་གྲངས་ ༨༠༠ དང་། རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ ༦༢ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༢༠༢༦ དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་ཐེ་ཝན་གྱི་བོད་བརྒྱུད་ནང་བསྟན་རིས་སུ་མ་ཆད་པ་ཐུན་མོང་ཐོག་ནས་གྲ་སྒྲིག་གནང་བ་རེད། ཁྱེད་རང་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་བཏང་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་དཔལ་ན་ལེནྡྲའི་བརྒྱུད་པ་ཆགས་ཀྱི་ཡོད། བོད་ལ་ས་དགེ་བཀའ་རྙིང་རྣམས་གཙོ་བོ་སྔགས་ཀྱི་རྒྱུད་སྡེ་མི་འདྲ་བའི་ཁྱད་པར་ཡོད་པ་མ་གཏོགས་གཞུང་ཆེན་བཅུ་གསུམ་རྣམས་ཐུན་མོང་བ་ཆགས་ཀྱི་ཡོད། དེ་བཞིན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རིས་སུ་མ་ཆད་པ་རྣམས་ནས་གཙོ་བོ་ཆོས་བརྒྱུད་སོ་སོའི་ཁུངས་མ་གཏོགས་རྩ་བ་ན་ལེནྡྲ་ནས་བརྒྱུད་པ་དེར་དེ་ཙམ་དོ་སྣང་མ་བྱས་སྟབས། ཆོ་ག་དང་རྒྱུད་སྡེ་མི་འདྲ་བ་ཡོང་གི་ཡོད་པར་བརྟེན་ཧ་ཅང་མི་འདྲ་བ་ཞིག་ཡིན་པར་མཐོང་གི་ཡོད། དེར་བརྟེན་ས་དགེ་བཀའ་རྙིང་རྣམས་གཞུང་ཆེན་ཐོག་ཕྱིན་ན་རང་བཞིན་གྱིས་ཆིག་སྒྲིལ་ཡོང་ཐུབ་ཀྱི་རེད། དེ་རིང་རྒྱ་རིགས་ཁྱེད་རང་ཚོར་ཆོས་འབྲེལ་བྱ་རྒྱུ་དེ་དབུ་མ་རྩ་བ་ཤེས་རབ་ཡིན། བོད་ལ་སངས་རྒྱས་ཀྱི་བསྟན་པ་མ་དར་གོང་ནས་དབུ་མ་རྩ་བ་ཤེས་རབ་རྒྱ་ཡིག་ནང་ཡོད།
དེ་ནི་ཁྱེད་རང་ཚོའི་ཕ་མེས་ནས་ཡོད་པའི་དཔེ་ཆ་ཞིག་རེད། ང་ཚོ་ཚང་མ་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཡིན་བསམ་པའི་ཐོག་ནས་གཅིག་གྱུར་ཆགས་ཀྱི་ཡོད། གང་ལྟར་ང་ཚོས་རྩ་བའི་ཐོག་ཕྱིན་ན་ང་ཚོ་ཚང་མ་གཅིག་གྱུར་རེད། ཡན་ལག་ཐོག་ཕྱིན་ན། བཀའ་བརྒྱུད་དང། རྫོགས་ཆེན། དགེ་ལུགས་ནང་ཁུལ་ལ་ཡང་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། དེར་བརྟེན་ང་ཚོས་རྩ་བའི་ཐོག་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་ཤར་ནུབ་དང་ལྷོ་བྱང་གི་དཔལ་འབྱོར་དང་ཁོར་ཡུག་སོགས་ཚང་མ་རུག་རུག་བྱེད་རྒྱུའི་དུས་ཚོད་རེད། དེ་བཞིན་ང་ཚོ་ཆོས་པ་ཚོ་ཡང་རུག་རུག་བྱེད་རྒྱུའི་དུས་ཚོད་ཅིག་ཆགས་ཀྱི་ཡོད། ལྷག་པར་ང་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་རྣམས་རུག་རུག་བྱེད་རྒྱུ་གལ་ཆེན་པོ་རེད། ཁྱེད་རང་ཚོ་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་རྒན་པ་ཡིན་བསམས་པ་བྱོས། དགེ་ཕྲུག་རྒན་པས་དབུ་མ་རྩ༌ཤེས་རབ་ལ་ཐོས་བསམ་སློབ་གཉེར་བྱེད་མཁན་རེད་ཀྱང་། ཕལ་ཆེར་དགེ་ཕྲུག་གཞོན་པ་ཚོ་དཔེ་ཆ་མང་བ་དང་མཐུན་རྐྱེན་འཛོམས་པ་འདུག ངོས་རང་ལ་ཆ་མཚོན་ན། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་བལྟས་ནས་སངས་རྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་སྟེ། རང་ཉིད་ཀྱི་སེམས་ལ་ཡང་འགྱུར་བ་ཏན་ཏན་འགྲོ་ཐུབ་རྒྱུ་ཞིག་ཡོང་གི་འདུག དེར་བརྟེན་དེ་རིང་འདི་གར་དབུ་མ་རྩ་བ་ཤེས་རབ་འདོན་རྒྱུ་གོ་སྐབས་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་ཡིན། ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་བཟོད་པ་དང། བྱམས་སྙིང་རྗེ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་རྣམས་གཅིག་གྱུར་རེད། འོན་ཀྱང་ཆོས་ལུགས་དེ་དག་མང་ཆེས་བས་དད་པ་གཙོ་བོ་གསུང་གི་འདུག དེ་བཞིན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་ལྟ་གྲུབ་འདྲ་མིན་གསུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་ཡོད།
ཐེངས་འདིའི་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་གི་ཆོས་འབྲེལ་འདི་བཞིན་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཉིན་གུང་ཆུ་ཚོད་ ༡༢།༠༠ བར་སྩལ་རྒྱུ་ཡིན་འདུག་པ་དབྱིན་ཇིའི་སྐད་དང་། རྒྱ་སྐད། ཝི་ཏི་ནམ་གྱི་སྐད། རུ་སུའི་སྐད་བཅས་ཀྱི་ཐོག་གསུང་སྒྱུར་ཞུ་བཞིན་ཡོད་འདུག་པ་བཅས། །