༢༠༡༤ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་རྡ་ས་མེཀ་ལོ་གྷན་ཇིར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པ་ (Tibet Charity) བཙུགས་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ཚོགས་སོང་། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ཤེས་རིག་དང་འཕྲོད་བསྟེན་དྲུང་ཆེ། ནང་སྲིད་ཀྱི་འབྲེལ་ཡོད་ལས་བྱེད། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། ཌེན་མཀ་བོད་ཀྱི་བདེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གུན་ཝར་འུལ་ (Gunver Juul) ལགས། སྐུ་མགྲོན་རྣམ་པ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་མཆོག བོད་ཀྱི་བདེ་རྩ་ཚོགས་པའི་གཙོ་འཛིན་སྤྱི་ཟུར་ལྭ་ཁ་རིན་པོ་ཆེ་མཆོག་བཅས་ནས་སྣང་གསལ་ཞལ་ཕྱེ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་རྒྱ་གར་ནང་གི་བོད་ཀྱི་བདེ་རྩའི་དབུ་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཕེབས་བསུ་དང་འབྲེལ་ཚོགས་པའི་ལས་འཆར་སྡེ་ཚན་ལྔ་སྟེ་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་འཕེལ་རྒྱས། དུད་འགྲོ་ལྟ་སྐྱོང་། རང་ཚུགས་ཐུབ་པའི་ཚོང་ལས་འཕེལ་རྒྱས་སྡེ་ཚན་འོག་ལོ་བཅུའི་རིང་ལས་འཆར་སྣ་མང་སྤེལ་བའི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་། བོད་ཀྱི་བདེ་རྩ་ཚོགས་པའི་གཙོ་འཛིན་སྤྱི་ཟུར་ལྭ་ཁ་རིན་པོ་ཆེ་མཆོག་གིས་ཁོང་རང་ཉིད་དེ་སྔོན་ཝར་ཎ་མཐོ་སློབ་ཀྱི་སློབ་ཕྲུག་ཡིན་སྐབས་སུ་བོད་རང་དབང་བདེན་པའི་ལས་འགུལ་གསར་བཙུགས་སྐབས་དང་བླངས་ཐོག་བལ་ཡུལ་གཙོས་པའི་ས་གནས་ཁག་ཏུ་དྲིལ་བསྒྲགས་བྱས་སྐོར། དེ་བཞིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་བྱུང་རིམ་ངོ་སྤྲོད་དང་། སྤྱི་འཐུས་གནང་བའི་སྐབས་སུ་དཀའ་ངལ་ཆེ་བའི་ས་ཁུལ་ཁག་ཏུ་ཇི་ལྟར་བསྐྱོད་པ། ཌེན་མག་ཏུ་བོད་ཀྱི་བདེ་རྩ་ཚོགས་པ་འཛུགས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་བདེ་རྩ་ཚོགས་པ་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དེབ་དབུ་འབྱེད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་དང་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་རྗེས་བོད་ཀྱི་བདེ་རྩའི་སློབ་མ་ཁག་གཅིག་དང་། བོད་ཀྱི་ཟློས་གར་ཚོགས་པ་བཅས་ནས་གཞན་སྣ་འཁྲབ་སྟོན་གནང་། མཐར་ཌེན་མཀ་བོད་ཀྱི་བདེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་གུན་ཝར་འུལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
སྤྱིར་བཏང་བོད་ཀྱི་བདེ་རྩ་ཚོགས་པའི་ངོས་ནས་ལོ་ངོ་བཅུ་ཕྲག་འདིའི་རིང་ལ་གོང་གསལ་ལྟར་ཕན་བདེའི་བྱ་གཞག་མང་པོ་ཞིག་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་། ཤེས་རིག འཕྲོད་བསྟེན། དཔལ་འབྱོར་ལས་ཁུངས་བརྒྱུད་ཟབ་སྦྱོང་སོགས་ཀྱི་ལས་འགུལ་དང་མཐུན་འགྱུར་མང་དག་ཞིག་ཀྱང་ཞུ་མྱོང་ཡོད་འདུག
རྒྱ་གར་ནང་བོད་ཀྱི་བདེ་རྩ་ཚོགས་པ་བཙུགས་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།