༢༠༡༤ ཟླ་ ༡༠ ཚེས་ ༢༨ རེས་གཟའ་མིག་དམར།
དྲི་བ། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པའི་ལམ་སྟོན་སྲིད་བྱུས་གཏན་འབེབས་གནང་བའི་ཡིག་ཆ་བཀའ་བློན་མཆོག་ལ་ཕུལ་འདུག་པ་དེའི་ནང་དོན་གཙོ་བོ་གང་ཡིན་ནམ།
ལན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་སྡེ་ཚན་གྱི་ངོས་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ “Tibetan Rehabilitation Policy 2014″ ཞེས་པ་གཏན་འབེབས་གནང་བ་མ་ཟད། འབྲེལ་ཡོད་མངའ་སྡེའི་ནང་སྲིད་བྱུས་འདི་ལག་བསྟར་ཇི་ལྟར་གནང་དགོས་པའི་བཀོད་ཁྱབ་ལམ་སྟོན་ཡང་གནང་ཟིན་ཡོད།
སྲིད་བྱུས་འདིའི་ནང་དོན་གཙོ་བོ་གང་ཡིན་སྐོར་ཞུས་ན། སྤྱིར་བཏང་ང་ཚོ་བཙན་བྱོལ་ནང་བསླེབས་ཏེ་མི་ལོ་ ༥༠ ལྷག་ཙམ་ཕྱིན་ཡོད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་དང་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ཏེ། རྒྱ་གར་གཞུང་གིས་དགོངས་པ་ཆེ་བཞེས་ཀྱི་ཐོག་ནས་བོད་མི་སྐྱབས་བཅོལ་བ་ཚོར་གཞིས་ཆགས་བཙུགས་བཅུག་པ་དང་། ལྷག་པར་བོད་མིའི་ཆེད་སློབ་གྲྭ་ཟུར་འཛུགས་ཐུབ་པ་སོགས་ད་བར་རྒྱ་གར་གཞུང་ནས་མི་ལོ་ ༥༠ ལྷག་རིང་བོད་མི་སྐྱབས་བཅོལ་བ་ཚོར་གང་ཡོང་ཅི་ཡོང་གནང་ཡོད།
འོན་ཀྱང་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཐོག་ཡིག་ཆ་ཁ་གསལ་མེད་པ་ཁག་ཅིག་ལ་རྟེན་ནས་སྐབས་རེ་ང་ཚོར་དཀའ་ངལ་འཕྲད་བཞིན་ཡོད། དཔེར་ན། གཞིས་ཆགས་ནང་ས་ཐོ་ལག་འཛིན་ལྟ་བུའི་ཐོག་ཁྲིམས་མཐུན་གྱི་ཡིག་ཆ་གསལ་པོ་བཟོ་ཐུབ་མ་ཐུབ་ཀྱི་གནས་སྟངས་མང་པོ་ཞིག་ཡོང་བཞིན་འདུག ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ལྟ་བུར་མཚོན་ན། བར་སྐབས་ཤིག་དཀའ་ངལ་ཕྲན་བུ་འཕྲད་པར་བརྟེན་ང་ཚོར་དངངས་སྐྲག་དང་དཀའ་ངལ་བྱུང་། གནད་དོན་འདི་ལྟ་བུར་ལྟ་སྐབས་ང་ཚོར་དགོས་རྒྱུར་རྒྱ་གར་གཞུང་གིས་གནང་བའི་གཞིས་ཆགས་ཁ་ཤས་ལས་འཆར་གྱི་ངོ་བོ་ཐོག་ནས་གནང་མེད་ནའང་། ལྡི་ལི་དང་རྡ་ས། སིམ་ལ་ལྟ་བུ་གཞིས་ཆགས་འཛུགས་སྐྲུན་གནང་སྟེ། ལོ་བཞི་བཅུ་ལྔ་བཅུ་ལྷག་ཕྱིན་རྗེས་སྡོད་སྒར་དེ་མཇུག་མཐར་རང་བཞིན་གྱི་གཞིས་ཆགས་ལྟ་བུ་ཆགས་ཏེ། ཁྲིམས་མཐུན་ཆགས་མ་ཐུབ་པའི་གནས་སྟངས་དེ་འདྲ་ཡོད།
ཐེངས་འདིའི་སྲིད་བྱུས་ཀྱི་ནང་གནད་དོན་གལ་ཆེ་ཤོས་གཅིག་ནི། རྒྱ་གར་གཞུང་གི་ངོས་ནས་བོད་མིར་ས་ཆ་བོགས་གཡར་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཡོད་པའི་ཚོགས་པ་ His Holiness The Dalai Lama’s Central Tibetan Relief Committee (CTRC) ཞེས་པའི་དེབ་སྐྱེལ་ཡོད་པའི་ནང་སྲིད་ལས་ཁུངས་ཀྱི་སྡེ་ཚན་དེའི་མིང་ཐོག་ནས་བོགས་གཡར་གནང་དགོས་ཀྱི་རེད་ཅེས་འཁོད་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་ཆེད་འཛུགས་སྐྲུན་མི་འདྲ་བ་ལྟ་བུ་གང་བྱེད་རྒྱུ་ཡོད་མེད་སྐོར་བཀའ་སློབ་ཕེབས་ཡོད་པ་ང་ཚོས་ཤེས་གསལ་རེད། རྒྱ་གར་གཞུང་གིས་མངའ་སྡེ་གཞུང་སོ་སོ་བརྒྱུད་ང་ཚོར་བོགས་གཡར་ཡོད་པ་དེ་དག་སླར་གསོ་བྱེད་མ་ཐུབ་ཀྱང་། ཐོག་མ་ཡོད་པ་དེ་དག་མང་ཆེ་བ་སོ་ནམ་གཞིས་ཆགས་ཁོངས་སུ་ཡོད་ན། ས་ཆ་དེ་སོ་ནམ་ཁོ་ནའི་ཆེད་དུ་མ་གཏོགས་བེད་སྤྱོད་གཏོང་ཕྱོགས་ཀྱི་མེད། དེར་བརྟེན་ཐེངས་འདིའི་སྲིད་བྱུས་ནང་བོད་པ་ཡོད་པའི་ས་ཆ་དེ་དག་སྡོད་གནས་(Residential) ཚོང་ལས་(Commercial) ཤེས་རིག་དང་རིག་གཞུང་སོགས་གང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་རུང་(CTRC) ནས་ཐག་གཅོད་བྱེད་ཆོག་གི་ཡོད་ཅེས་བཀོད་ཡོད། འདི་ནི་ང་ཚོའི་གཞིས་ཆགས་སྲ་བརྟན་གནས་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད།
གསུམ་པ། དེ་ང་ཚོའི་གཞིས་ཆགས་ཁག་གཅིག་གི་ནང་སྒེར་པ་སོ་སོའི་འབད་བརྩོན་བྱས་ཏེ་ས་ཆ་སོ་སོའི་མིང་ཐོག་འགྱུར་ཐུབ་ཡོད་ཀྱང་། རྗེས་སུ་ས་ཆ་དེ་སོ་སོའི་ཕྲུ་གུའི་མིང་ཐོག་འགྱུར་རྒྱུར་ཐུབ་མ་ཐུབ་ཀྱི་གནས་སྟངས་མང་པོ་ཞིག་ང་ཚོའི་ས་ཁང་གི་སྒྲིག་གཞི་དགོངས་དོན། ཁང་པ་སྟོང་པ་ཐོན་ཚེ་དེ་སྔ་ཐོབ་ཐང་མ་རག་པ་རྣམས་ལ་སྤྲོད་རྒྱུའི་ལམ་སྲོལ་ཡོད། དེ་དག་ཁྲིམས་མཐུན་གྱི་ཐོག་ནས་མིང་བསྒྱུར་བྱེད་རྒྱུ་དེ་ཁག་པོ་ཆགས་ཡོད། ཁོང་ཚོས་དེ་སྔ་སུའི་མིང་ཐོག་ཡོད་པ་ཡིན་ན་དོ་བདག་རང་ཉིད་ (original allottee)དགོས་པ་གསལ་ཡོད། དེའི་ཐོག་འགྱུར་བ་ཆེན་པོ་ཞིག་ཆགས་ཡོད་སྟབས། ས་གནས་འགོ་འཛིན་སོ་སོའི་ཐོག་ནས་ལོ་རེ་རེའི་ནང་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་ཐོ་གཞུང་འབུལ་དགོས་ཀྱི་ཡོད་པར་བརྟེན། རང་བཞིན་གྱིས་ང་ཚོར་ལས་ཀ་བྱེད་རྒྱུ་སྟབས་བདེ་བ་ཞིག་ཆགས་ཀྱི་མེད་དམ་སྙམ་གྱི་འདུག འདི་ཚོ་གཞིས་ཆགས་ཀྱི་ས་ཆ་དང་གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་ཐོག་ནས་རེད།
དེ་མིན་བར་སྐབས་ང་ཚོར་སྨན་ཞབས་པ་ལ་སོགས་སློབ་སྦྱོང་ཐོན་རྗེས་ལས་ཀ་བྱེད་ཆོག་མིན་གྱི་ཐད་དཀའ་ངལ་འཕྲད་པ་རེད། སྤྱིར་བཏང་རྒྱ་གར་གཞུང་ནས་ང་ཚོར་ཟུར་བཅད་ཞབས་སྟེགས་དམིགས་བསལ་གནང་ཡོད།
དེ་བཞིན་མངའ་སྡེ་སོ་སོའི་ནང་འགྲོ་སྟངས་གཅིག་མཚུངས་མེད། སྤྱིར་ཇ་མུ་ཀ་ཤི་མིར་དང་འབྲས་ལྗོངས་གཉིས་ང་ཚོའི་ལོ་རྒྱུས་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད། ལྷག་པར་ཆོས་དང་རིག་གཞུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ང་ཚོ་ལས་ལྷག་པ་དད་གུས་ཞུ་མཁན་ཡོད། ཅེས་ཞུས་ཆོག འོན་ཀྱང་འབྲས་ལྗོངས་ལྟ་བུ་མཚོན་ན། ཁུལ་དེར་ཡོད་པའི་བོད་མི་རྣམས་ལ་བཟའ་འབྲུའི་ལག་འཁྱེར་གྱི་མཐུན་རྐྱེན་སྤྲད་མེད། ཚོང་ལས་ཆུང་ཆུང་དཔེར་ན། རླངས་འཁོར་གཏོང་རྒྱུ་དང་ཚོང་ཁང་ཆུང་ཆུང་འཛུགས་རྒྱུ་སོགས་ལ་ཆོག་མཆན་སྤྲོད་ཀྱི་མེད་པའི་དཀའ་ངལ་ཞིག་འདུག སྲིད་བྱུས་འདིའི་ནང་བོད་པ་ཚོར་ཐོབ་ཐང་དེ་དག་སྤྲོད་དགོས་ཀྱི་ཡོད་པ་གསལ་པོར་བཀོད་འདུག དེ་བཞིན་བོད་མིའི་གཞིས་ཆགས་ཁག་ནང་ཆུ་གློག་འགྲོ་ལམ་སོགས་ཀྱི་ཐོག་མཐུན་རྐྱེན་ཇི་དགོས་མངའ་སྡེ་གཞུང་གིས་གནང་དགོས་ཀྱི་རེད་ཅེས་འཁོད་ཡོད། གཞན་ཡང་རྒྱ་གར་གཞུང་གི་ལས་ཁུངས་ནང་འཕྲོད་བསྟེན་གྱིས་མཚོན་ཤེས་རིག་དང་འབྲེལ་བའི་ལས་དོན་ཐོག་ལས་ཀ་བྱེད་ཆོག་པ་གསལ་ཡོད།
སྲིད་བྱུས་འདིའི་ནང་གནད་དོན་གལ་ཆེ་ཤོས་ཤིག་ནི། རྒྱ་གར་དབུས་གཞུང་ནས་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཐོག་ལས་འཆར་གང་འདྲ་ཞིག་ཡོད་རུང་། དཔེར་ན། རཱ་ཇིཝ་གྷན་དྷི་ཨ་ཝ་སི་ཡོཇ་ན་(Rajiv Gandhi Awas Yojana) ལྟ་བུ་ཚང་མའི་ནང་བོད་མི་སྐྱབས་བཅོལ་བར་སྐྱབས་བཅོལ་ལག་དེབ་ཡོད་པ་ཙམ་གྱིས་དེའི་ཁེ་ཕན་ལེན་ཆོག་གི་ཡོད་སྐོར་གསུངས་འདུག འདི་ནི་ཧ་ལས་པའི་ཡག་པོ་རེད་བསམས་ཀྱི་འདུག ད་ལན་ང་ཚོས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་གླེང་མོལ་བྱེད་སྐབས། ཐོབ་ཐང་འདི་རྒྱ་གར་གྱི་མི་སེར་དཔལ་འབྱོར་གྱི་གནས་བབ་དབུལ་ཕོངས་ཀྱི་ཚད་གཞིའི་འོག་(Below Poverty line) དང་དབུལ་གྲོང་(Slum) ནང་སྡོད་མཁན་སོགས་ལ་ཐོབ་ཐང་འདི་ཡོད་པ་མ་གཏོགས་རྒྱ་གར་གྱི་མི་སེར་ཡོངས་རྫོགས་ལ་མེད། བོད་པའི་ནང་དཔལ་འབྱོར་ཡོད་མཁན་དང་མེད་མཁན་གཉིས་ཀ་ཡོད་པར་བརྟེན། བོད་རིགས་དཔལ་འབྱོར་མེད་མཁན་དང་རྒྱ་གར་བ་ཚོར་དགོས་ངེས་ཆ་རྐྱེན་(Eligibility)གང་ཡོད་པ་དེ་ཚོར་མ་གཏོགས། བོད་མི་ཚང་མར་ཐོབ་ཐང་འདི་སྤྲད་ན་འོས་བབ་མི་འདུག་དགོངས་མཁན་ཡང་འདུག འོན་ཀྱང་སྲིད་བྱུས་འདིའི་ནང་བལྟས་ན། བོད་མི་སྐྱབས་བཅོལ་བ་ཚང་མས་ཐོབ་ཐང་འདི་ལེན་ཆོག་གི་ཡོད་པ་འཁོད་འདུག དེ་བཞིན་མངའ་སྡེ་སོ་སོའི་ནང་ནས་ཤེས་རིག་གི་ཐོག་དགོན་སྡེ་ཁག་ལ་རོགས་སྐྱོར་གནང་རྒྱུ་དང་། བོད་མིའི་མཉམ་འབྲེལ། སུད་ཚོང་དང་འབྲེལ་བ་ལ་སོགས་པའི་ང་ཚོའི་དཀའ་ངལ་ཡོད་པ་མང་ཆེ་བ་ཞིག་སྲིད་བྱུས་འདིའི་ནང་གསལ་པོ་བྱས་ཏེ་བསླེབས་ཐུབ་པ་བྱུང་ཡོད། མདོར་བསྡུས་ན། བཙན་བྱོལ་བོད་མིའི་དཀའ་ངལ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་སྲིད་བྱུས་འདིའི་ནང་བསླེབས་ཐུབ་པ་བྱུང་ཡོད།
དྲི་བ། སྲིད་བྱུས་འདིས་གཞིས་ཆགས་སྲ་བརྟན་གྱིས་མཚོན་བཙན་བྱོལ་བོད་མིའི་གནས་སྟངས་གཞན་གྱི་ཐོག་ཕན་ཐོགས་ཇི་ཙམ་ཡོད་པ་དགོངས་ཀྱི་འདུག་གམ།
ལན། ང་ཚོའི་རེ་བར་སྲིད་བྱུས་འདིས་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས་ཀྱི་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་གྲོས་ཚོགས་ནང་ང་ཚོའི་གཞིས་ཆགས་སྲ་བརྟན་ཡོང་བར་ཡིག་ཆ་སྲ་བརྟན་དགོས་ཀྱི་འདུག་ཅེས་གསུངས་ཡོད། ད་ལྟའི་ཆར་སྲིད་བྱུས་གཏན་འབེབས་བྱུང་བ་རེད། ང་ཚོས་གོ་སྐབས་འདི་བླང་སྟེ་ལག་བསྟར་ག་ཚོད་བྱེད་ཐུབ་ཀྱི་ཡོད་མེད་ས་གནས་དང་ང་ཚོ་ཚང་མར་འགན་འཁྲི་ཡོད། རྩ་བའི་ཡིག་ཆ་བརྟན་པོ་ཡོད་པ་ཙམ་གྱིས་ང་ཚོའི་གཞིས་ཆགས་སྲ་བརྟན་ཡོང་བར་ཕན་གྱི་ཡོད། ད་ལྟ་གོང་དུ་ཞུས་པ་ལྟར། ང་ཚོ་ས་ཆ་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་ཞིག་ཕྱིན་ཡོད། འགྱུར་བ་ཆེན་པོ་འདིའི་ཐོག་མངའ་སྡེ་ནང་ནས་ཆེ་ཤོས་ཀར་ན་ཊ་ཀ་མངའ་སྡེའི་ངོས་ནས་ང་ཚོར་རྒྱབ་སྐྱོར་གནང་ཡོད། རག་ཟིན་དེ་དག་གི་ནང་བགྲོ་གླེང་མང་པོ་ཞིག་བྱུང་སྐབས། ཀར་ན་ཊ་ཀ་མངའ་སྡེའི་ངོས་ནས་བོད་མིའི་གཞིས་ཆགས་དེ་དག་ཀར་ན་ཊ་ཀར་ཕན་ཐོགས་ཆེད་ཡུལ་སྐོར་སྤྲོ་འཆམ་པའི་མངའ་སྡེ་ཞིག་ལ་ངོས་འཛིན་གནང་སྟེ་འཆར་གཞི་འགྲོ་བཞིན་ཡོད།
ཕྱོགས་མཚུངས་སྦེལ་ཀོབ་མོན་གྷོ་གཞིས་ཆགས་ནང་མགྲོན་ཁང་(Yatri Niwas)རྒྱག་རྒྱུར་མངའ་སྡེ་གཞུང་ངོས་ནས་དངུལ་གང་ཙམ་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད། ལྷོ་སྤྱི་ལས་ཁུངས་དང་བོད་མིའི་མཉམ་འབྲེལ་ནས་འགན་འཁུར་བཞེས་ཏེ་ཕལ་ཆེར་འདི་ལོའི་ཕྱི་ཟླ་ ༡༢ ནང་༸གོང་ས་མཆོག་མོན་གྷོར་ཆིབས་སྒྱུར་སྐབས། ལས་གཞིས་འདི་དངོས་སུ་འགོ་བཙུག་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་ཚེ་ཚོང་ཁང་དང་ཟ་ཁང་སོགས་མང་པོ་ཆགས་སྟབས། བོད་རིགས་གཞོན་སྐྱེས་ཚོ་རང་ཁ་རང་གསོ་བྱེད་ཐུབ་པ་ཞིག་བྱུང་ན། རང་བཞིན་གྱིས་ཕན་ཐོགས་ཡོང་རྒྱུའི་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་རེ་བ་བྱེད་བཞིན་ཡོད།
དྲི་བ། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འདི་ལྟ་བུའི་སྲིད་བྱུས་གཏན་འབེབས་བྱུང་ཆེད་སྐུ་ལས་ཇི་ཙམ་སྐྱོན་ཡོད་དམ།
ལན། གཙོ་བོ་གཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ང་ཚོ་མགོན་པོ་གང་ཉིད་མཆོག་གི་མི་མང་ཡིན་པར་བརྟེན། ལས་ཀ་གང་འདྲ་ཞིག་ཡིན་རུང་ཧ་ཅང་སྟབས་བདེའི་ཐོག་ནས་བསྒྲུབས་ཐུབ་ཀྱི་འདུག གཉིས་ནས་ང་ཚོ་འདིར་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པའི་སྐབས་ལྷ་ཆོས་སྐྱོང་སྲུང་མས་བཀའ་ལུང་ཕེབས་པ་ལྟར། ཞབས་རིམ་ཁག་གཅིག་གསོག་སྒྲུབ་གནང་བར་བརྟེན་ཕན་ཐོགས་ཆེན་པོ་བྱུང་སོང་སྙམ་གྱི་འདུག གསུམ་ནས། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེས་དབུས་དྲུང་འཕར་དང་། དབུས་ས་གཉིས་ཀྱི་ལས༌བྱེད་རྣམ་པའི་མཉམ་རུབ་ཀྱི་ནུས་པས་ལས་དོན་འདི་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་ལས་འགན་ཆེ་ཤོས་ཤིག་ནི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་གཙོས་དྲུང་ཆེ་དང་། ལས་བྱེད་ཡོངས་ཀྱི་མཉམ་རུབ་གནང་བར་བརྟེན། ད་ལྟ་ལས་དོན་ཆེན་པོ་འདི་ལྟ་བུ་ཞིག་གྲུབ་སྐབས་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག
དྲི་བ། རྒྱ་གར་དབུས་གཞུང་གིས་སྲིད་བྱུས་འདི་གཏན་འབེབས་གནང་ཡོད་ཀྱང་། བོད་མིའི་གཞིས་ཆགས་ཡོད་སའི་མངའ་སྡེ་སོ་སོའི་ཁྲིམས་སྒྲིག་ལ་བརྟེན་ནས་དབུས་གཞུང་གི་སྲིད་བྱུས་འདིའི་ཐོག་ཁྱད་པར་འགྲོ་གི་ཡོད་དམ།
ལན། སྲིད་བྱུས་གང་འདྲ་ཞིག་ཡོད་ཀྱང་དངོས་སུ་ལག་བསྟར་བྱེད་ཡུལ་དེ་མངའ་སྡེ་སོ་སོའི་ནང་ཆགས་ཡོད། འོན་ཀྱང་སྲིད་བྱུས་འདི་ལག་བསྟར་བྱེད་པར་ས་གནས་སོ་སོར་དཀའ་ངལ་ཆེན་པོ་མི་འཕྲད་པའི་རེ་བ་བྱེད་བཞིན་ཡོད། སྲིད་བྱུས་འདི་གཏན་འབེབས་མ་གནང་གོང་འདིའི་རགས་ཟིན་དེ་ཕྱི་ཟླ་ ༥ པའི་གོང་ད་ལྟའི་གཞུང་གསར་པ་མ་ཕེབས་སྔོན་ནས་བཀའ་མོལ་འགྲོ་བཞིན་ཡོད་པ་དང་། འབྲེལ་ཡོད་མངའ་སྡེ་སོ་སོར་སྲིད་བྱུས་འདིའི་རགས་ཟིན་ཕུལ་ཟིན་ཡོད། སྐབས་དེར་ནུབ་བྷང་གྷལ་ལྟ་བུ་མཚོན་ན། རགས་ཟིན་འབྱོར་བ་དང་དགག་བྱ་མེད་པའི་རྒྱབ་སྐྱོར་གྱི་ལན་འདེབས་གནང་ཡོད། དེ་བཞིན་མངའ་སྡེ་གཞན་ཁག་གིས་རགས་ཟིན་དེར་དགག་བྱ་གནང་མེད། རྒྱ་གར་ནང་སྲིད་དྲུང་ཆེ་དང་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ། རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལྷན་ཁང་ཁག་གི་སྐུ་ཚབ་ཕན་ཚུན་དབར་ཚོགས་འདུ་ཚོགས་ཡོད། དཔེར་ན། བཟའ་འབྲུའི་ལག་འཁྱེར་ལྟ་བུ་མཚོན་ན། བཟའ་འབྲུའི་ལག་འཁྱེར་དང་འབྲེལ་བའི་ལྷན་ཁང་དེའི་དགོངས་ཚུལ་བསླེབས་ཡོད། ང་ཚོ་ཡང་ཚོགས་འདུ་རིམ་པ་ཁ་ཤས་ཤིག་གི་ནང་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་། སྲིད་བྱུས་འདི་གློ་བུར་དུ་གཏན་འབེབས་གནང་བ་ཞིག་མིན། ང་ཚོས་འབོད་སྐུལ་རིམ་ཞུས་དང་ཚོགས་འདུ་རིམ་པ་ཚོགས་པ་སོགས་ལུགས་མཐུན་གྱི་སྒོ་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཞིག་ཡིན་པར་བརྟེན། དེ་དག་དངོས་སུ་ལག་བསྟར་བྱེད་རྒྱུར་དཀའ་ངལ་མི་འཕྲད་པའི་རེ་བ་ཞུ་བཞིན་ཡོད། འོན་ཀྱང་བཀའ་ངལ་གཅིག་གང་འཕྲད་སྲིད་ངེས་རེད་ཅེས་ཞུས་ན། སྲིད་བྱུས་འདིའི་སྐོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གནད་དོན་འདིའི་སྐོར་གོ་རྟོགས་ཡོད་པ་ཙམ་གྱིས་འགྲིག་གི་མེད། ས་གནས་འགོ་འཛིན་རྣམ་པས་དེའི་སྐོར་ཤེས་དགོས་ཀྱི་ཡོད་པར་བརྟེན། རིང་མིན་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འབྲེལ་ཡོད་མངའ་སྡེ་གཞུང་གི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་། ས་གནས་འགོ་འཛིན་བཅས་མཉམ་འཛོམས་ཐོག་ཟབ་སྦྱོང་ཞིག་གནང་གཏན་འཁེལ་ཡོད།
དྲི་བ། བར་སྐབས་ཤིག་ནས་བཙན་བྱོལ་བོད་མིའི་ཁྲོད་ས་ཆའི་བདག་དབང་སོགས་རྒྱ་གར་གྱི་མི་སེར་ཞུ་མཁན་ཁག་གཅིག་ཡོང་བཞིན་ཡོད་པའི་སྐབས་སྲིད་བྱུས་འདི་ལྟ་བུ་ཞིག་གཏན་འབེབས་བྱུང་བ་དེས་བོད་མི་དེ་ཚོའི་ཐོག་ཁྱད་པར་འགྲོ་གི་ཡོད་དམ།
ལན། གནད་དོན་འདི་མི་སྒེར་སོ་སོར་རག་ལུས་ཡོད། འོན་ཀྱང་གསལ་པོ་ཞུ་རྒྱུར་རྒྱ་གར་གཞུང་གི་ཡུལ་མིའི་ལག་འཁྱེར་ཐོབ་ཐང་གི་ཁྲིམས་ཡིག་ (Indian Citizenship Act) དེ་རང་འཇགས་གནས་ཡོད། ད་ལྟ་སྐྱབས་བཅོལ་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་ཡོད་པར་བརྟེན། གཞན་དེར་ཁྱད་པར་འགྲོ་དགོས་པ་ཆགས་ཀྱི་མེད། གནད་དོན་འདི་གཉིས་ཐ་དད་ཆགས་ཀྱི་རེད། འདི་ངལ་གསལ་པོ་ཞུ་འདོད་བྱུང་། འདི་གཉིས་མཉམ་བསྲེས་བྱས་ན་ཏག་ཏག་སྡོད་ཀྱི་མེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱབས་བཅོལ་བོད་མིར་ལྟ་སྐྱོང་བྱེད་རྒྱུ་དང་། དེའི་ཐོབ་ཐང་རག་ཐབས་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཡིན་སྟབས། ཐེངས་འདིར་དོན་བདག་ཆེན་པོ་ཞིག་བསྒྲུབས་སོང་བསམས་ཀྱི་འདུག ཅེས་ལན་འདེབས་གནང་།