༢༠༡༤ ཟླ་ ༡༠ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༡༠ ཟླ་ ༤ ནང་ལས་འགུལ་སྤེལ་འགོ་བཙུགས་པ་ནས་བཟུང་ད་བར་ཕ་རན་སིའི་གྲོང་སྡེ་དྲུག་ཅུ་ལྷག་གིས་བོད་ཀྱི་གྲོང་གསེབ་ཆེ་ཆུང་འདྲ་མིན་ལ་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ཉིན་སླར་ཡང་ཕ་རན་སིའི་གྲོང་སྡེ་མག་ཨེན་ཡུབ་ལེན་སི་ Marq en Yvlines ཞེས་པ་དེས་བོད་ནང་མལ་གྲོ་གུང་དཀར་གྱི་ཁྱབ་ཁོངས་འབྲི་གུང་གྲོང་ཚོར་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཆེད་མཛད་སྒོ་ཞིག་ཚོགས་ཡོད། མག་ཨེན་ཡུབ་ལེན་སི་ཞེས་པ་འདི་ཕ་རན་སིའི་གྲོང་སྡེ་ཆུང་གྲས་ཤིག་ཡིན་ཞིང་ཐེངས་འདིར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ Tibet Normandie and Etre avec le Tibet ཀྱིས་མཐུན་འགྱུར་འོག་རོགས་རམ་ཐོབ་འདུག
ལས་འགུལ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དེ་དག་ལ་གདོང་ལེན་གནང་སྟེ། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབས་དང་རྒྱུན་འཛིན་དར་སྤེལ་ཡོང་ཆེད་དམིགས་པ་ཞིག་ཡིན་འདུག གཞན་ཡང་མཛད་སྒོའི་སྐབས་མག་གྲོང་སྡེའི་སྤྱི་ཁྱབ་འགན་འཛིན་ Mayor of Marcq མཆོག་ཆེད་ཕེབས་གནང་བ་མ་ཟད། ཁོང་གི་ཕྱག་འབྲེལ་རྣམ་པ་ལྷན་ཞུགས་གནང་འདུག ཐེངས་འདིར་མག་གྲོང་སྡེས་བོད་ཀྱི་ས་ཁུལ་ནང་རོགས་རམ་གནང་མཁན་གྲོང་སྡེ་ ༦༥ ཆགས་ཡོད།