༢༠༡༤ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Shirin Ebadi མཆོག་དང་ཨ་རི་བ་ལྕམ་སྐུ་ཇུ་ཌི་ཝིལ་ཡེམ་སི་ Jody Williamsམཆོག་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་ Executive Directorལྕམ་ལི་ཛི་བྷ་རན་སི་ཊིན་ Liz Bernstein མཆོག་གིས་གསུང་བཤད་གནང་དོན། ང་རང་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་གྱི་ལས་འགན་ཐོག་ཞབས་འདེགས་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ནོ་བེལ་བུད་མེད་ལས་འགུལ་ཚོགས་པ་ (Nobel Women’s Initiative) འདི་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་བའི་ནང་རྟེན་གཞི་བྱས་ཡོད་ཀྱང་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལས་འགུལ་སྤེལ་བཞིན་ཡོད། ཚོགས་པ་འདི་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བུད་མེད་རྣམས་ཀྱིས་བཙུགས་པ་ཞིག་ཡིན།
ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་ཀྱི་ཐོབ་ཐང་། དེ་བཞིན་ཞི་བདེ་དང་དྲང་བདེན། འདྲ་མཉམ་སོགས་ཀྱི་ཆེད་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་མགྲོན་འབོད་མཛད་པར་བརྟེན་ང་ཚོ་སླར་ཡང་འདིར་བཅར་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང་། སྤྱིར་དེ་རིང་རྡ་སར་དངོས་སུ་བཅར་མཁན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁོང་གཉིས་ཙམ་མིན་པར་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་ནང་བུད་མེད་གཞན་ཡང་ཡོད། དཔེར་ན། ཡ་མེན་ (Yamen) ཡུལ་ནས་ཡིན་པ་ལྕམ་སྐུ་ཏ་ཝ་ཀོལ་ཀར་མན་ Tawakkol Karman མཆོག་དངོས་འབྲེལ་བྱས་ན་དེ་རིང་འདིར་ཕེབས་རྒྱུ་རེད། འོན་ཀྱང་ཁོ་མོའི་རྒྱལ་ཁབ་ནང་འཁྲུག་རྩོད་ཀྱི་རྙོག་གྲྭ་མུ་མཐུད་ལྷག་ཡོད་པ་མ་ཟད། ད་དུང་རྙོག་གྲ་ཇེ་ཆེར་ཕྱིན་ནས་ཡུལ་དེའི་མི་དམངས་མང་པོ་ས་གནས་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད། བདུན་ཕྲག་སྔོན་མའི་ནང་ཁོ་མོའི་སྡོད་ཁང་ལ་གཏོར་བཅོམ་ཤུགས་ཆེ་བྱུང་འདུག དེར་བརྟེན་དཀའ་ངལ་དེ་དག་ལ་བརྟེན་ནས་ཁོ་མོ་དེ་རིང་འདིར་བཅར་ཐུབ་མེད། འོན་ཀྱང་ཁོ་མོས་བོད་མི་དང་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། འདི་ལོའི་ཕྱི་ཟླ་ ༦ ནང་ང་ཚོ་དང་ཁོ་མོ་མཇལ་འཕྲད་བྱུང་། སྐབས་དེར་ཁོ་མོས་བརྗོད་དོན། རྒྱ་ནག་གཞུང་གིས་ཕྲན་རང་རྒྱ་ནག་ཏུ་ཡོང་རོགས་ཞེས་མགྲོན་འབོད་ཐེངས་མང་བྱས་བྱུང་ཡང་། ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་དཀའ་ངལ་ལ་བསམས་ཤེས་ཀྱིས་རྒྱ་ནག་ནང་འགྲོ་རྒྱུར་མོས་མཐུན་རྩ་བ་ནས་བྱས་མེད། ཅེས་གསུངས་བྱུང་།
དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དེ་རིང་འདིར་དངོས་སུ་བཅར་འདོད་ཡོད་ཀྱང་བཅར་མ་ཐུབ་མཁན་བུད་མེད་གཞན་ཞིག་ནི་ལ་ཡི་བྷེ་རི་ཡ་ Liberiaནས་ཡིན་པ་ལྕམ་སྐུ་ལེ་མོན་གྷ་བྷོ་ཝི་ Leymah Gbowee མཆོག་ཡིན། ཁོ་མོའི་རྒྱལ་ཁབ་ལ་ཡི་བྷེ་རི་ཡའི་ནང་ཨེ་བྷོ་ལ་ (Ebola) ཞེས་པའི་ནད་ཡམས་ཁྱབ་བརྡལ་ཕྱིན་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། འོན་ཀྱང་ཁོ་མོ་དེ་རིང་འདིར་དངོས་སུ་བཅར་མ་ཐུབ་པའི་རྒྱུ་མཚན་འདི་མ་རེད། ཁོ་མོ་ད་ལྟའི་འཆར་རང་གི་གཅུང་མོ་དང་ལྷན་ལྷོ་ཕྱོགས་སུ་ཌན་ (South Sudan)ནང་ཡོད། ཁོ་མོས་ལྷོ་ཕྱོགས་སུ་ཌན་ནང་འཁྲུག་འཛིང་མཚམས་འཇོག་ཡོང་སླད་སུ་ཌན་དང་ལྷོ་ཕྱོགས་སུ་ཌན་གཉིས་ཀྱི་ནང་བུད་མེད་ཕན་ཚུན་འཆམ་མཐུན་གྱི་འབྲེལ་བ་བཙུགས་ནས་ཡུལ་གཉིས་པོའི་ནང་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་ཆེད་དཀའ་ངལ་རྣམས་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་འབྲེལ་མཐུད་པའི་ལས་དོན་སྤེལ་བཞིན་ཡོད།
ཕྱོགས་མཚུངས་བྱང་ཨ་ཡིར་ལེན་ཌི་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་མ་རེ་ཌི་མེ་གྷར་མཆོག་ Mairead Maguire དང་རི་གོ་བྷེར་ཏ་མན་ཅུ་ཊུམ་ Rigoberta Menchú Tumམཆོག་ཀྱང་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བཞིན་ཡོད། ང་ཚོ་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་ཚོགས་མིའི་སྐུ་ཚབ་འདི་གར་བཅར་རྒྱུ་འདི་ནི་ཧ་ཅང་དོན་གནད་ཆེན་པོ་ཞིག་ལ་བརྩིས་ཏེ་ཡོང་བ་ཞིག་ཡིན། ང་ཚོ་འདིར་བོད་མི་ཚོས་ལོ་མང་རིང་ནས་འཚེ་མེད་ཞི་བ་དང་། མང་གཙོ་སོགས་ལག་བསྟར་གནང་བཞིན་པའི་ཉམས་མྱོང་དེ་དག་ཤེས་རྟོགས་ཆེད་བཅར་བ་ཡིན། ཐེངས་འདིར་ང་ཚོའི་སྐུ་ཚབ་ཚོགས་ཆུང་ནང་ཨ་རི་དང་ཁེ་ན་ཌ། བྷར་སིལ། རྒྱ་གར་སོགས་ཡུལ་གྲུ་འདྲ་མིན་ནས་ཕེབས་ཡོད། ཅེས་གསར་འགོད་གསལ་བསྒྲགས་སྤེལ་གནང་སོང་།