༢༠༡༤ ཟླ་ ༡༠ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༨ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱལ་ཡོངས་མངའ་སྡེའི་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་ Shri Kiren Rijiju ji དང་མཇལ་འཕྲད་གནང་སྟེ། རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་གནད་དོན་དང་འབྲེལ་བའི་སྐོར་སྙན་སེང་ཞུས་འདུག སྐབས་དེར་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་བསྔགས་བརྗོད་གནང་བ་མ་ཟད། རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་རྒྱབ་སྐྱོར་ཡོད་སྐོར་གསུངས།
ཕྱོགས་མཚུངས་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཨ་ནིལ་གྷོ་སྭ་མི་Shri Anil Goswami མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ནང་སྲིད་དྲུང་ཆེ་མཆོག་ལ་བོད་ལུགས་ལྟར་དཀར་གཙང་མཇལ་དར་བསྒྲོན་ནས་འཚམས་འདྲི་ཞུས་པ་མ་ཟད། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྟངས་རྣམས་ཞིབ་ཕྲ་ངོ་སྤྲོད་དང་རྒྱ་གར་གཞུང་གིས་འདས་པའི་ལོ་མང་རིང་ནས་ད་བར་བཙན་བྱོལ་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས་ཡི་རང་བསྔགས་བརྗོད་ཞུས་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་གཞིས་ཆགས་ཁག་དང་འབྲེལ་བའི་དཀའ་ངལ་གཙོ་ཁག་རྣམས་སྙན་སེང་དང་འབྲེལ་སྙན་ཞུ་ཞིག་ཀྱང་ཕུལ་འདུག སྐབས་དེར་དྲུང་ཆེ་མཆོག་གིས་ནང་སྲིད་བཀའ་བློན་མཆོག་དང་མཇལ་འཕྲད་བྱུང་བར་ཧ་ཅང་དགའ་ཚོར་བྱུང་སྐོར་དང་། བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་མགྱོགས་མྱུར་སེལ་ཐབས་གནང་རྒྱུ་ཡིན་སྐོར་གསུངས།
གཞན་ཡང་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་གཞིས་ཆགས་གསར་འཛུགས་ལས་ཁུངས་ཀྱི་ཟུང་དྲུང་མཆོག་དང་མཇལ་འཕྲད་གནང་སྟེ། ལ་དྭགས་བྱང་ཐང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་སྙན་སེང་ཞུས་པ་དང་ལྷན། ས་ཁུལ་དེ་དག་ནང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་ཟུང་དྲུང་མཆོག་ནས་དོ་སྣང་ཆེན་པོས་གསན་འཇོག་གནང་འདུག ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་ཚེ་དབང་རྒྱལ་པོ་ཨརྱཱ་ལགས་བཅས་ལྷན་བཅར་ཞུས་འདུག
གཞན་ཡང་ནང་སྲིད་བཀའ་བློན་མཆོག་ཕྱི་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སིམ་ལར་ཕེབས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷ་དྲ་སིངྒ་ Shri Virbhadra Singh མཆོག་གིས་གཙོས་མངའ་སྡེའི་གཞུང་འབྲེལ་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོག་རྒྱ་གར་གཞུང་གི་སྲིད་བྱུས་ལག་བསྟར་གནང་ཕྱོགས་སྐོར་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་གྱི་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་བསྐྱར་གསོའི་གནས་སྟངས། རྡ་ས་མེག་གན་ཁུལ་གྱི་བོད་མིའི་སྡོད་ཁྱིམ་ཁག་གཅིག་རྒྱ་གར་གྱི་ཤིང་ནགས་ས་བཟུང་བྱས་ཚུལ་གྱི་གནད་དོན། དེ་བཞིན་ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་གནང་ཕྱོགས་སྐོར་སོགས་སྙན་སེང་ཞིབ་ཕྲ་ཞུས།
སྐབས་དེར་ནང་སྲིད་བཀའ་བློན་མཆོག་གི་མཇལ་འཕྲད་གནང་བའི་མངའ་སྡེའི་བློན་ཆེན་རྣམས་ནི་འཕྲོད་བསྟེན་དང་དཔྱ་ཁྲལ་བློན་ཆེན་སྐུ་ཞབས་ཀོལ་སིངྒ་ཐཱ་ཀུར་Kaul Singh Thakur མཆོག་དང་། ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེ་སི་བྷ་ལི་ G.S. Baliམཆོག གྲོང་སྡེ་ཡར་རྒྱས་བློན་ཆེན་སྐུ་ཞབས་སུ་དིར་ཤར་མ་ Sudhir Sharmaམཆོག མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ཝི་ཇེ་སིངྒ་མན་ཀོ་ཊི་ཡ་ Vajai Singh Mankotiaམཆོག མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པྲ་ཐ་སར་ཐི་མི་ཏྲ་ Prathasarthi Mitraམཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་སོགས་ཡིན་འདུག སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་འབྲེལ་ཡོད་བློན་ཆེན་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་སྐོར་དང་། མངའ་སྡེའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དོན་དམ་གྱི་དཀའ་ངལ་རྣམས་ལ་གཟིགས་རྟོག་གང་ཐུབ་ཅི་ཐུབ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
དེ་བཞིན་ནང་སྲིད་བཀའ་བློན་མཆོག་སིམ་ལ་ས་གནས་བོད་མིའི་གཞིས་ཆགས་སུ་ཕེབས་ནས་མང་ཚོགས་ལ་གསུང་བཤད་གནང་བ་མ་ཟད། མང་ཚོགས་ཀྱིས་བདེ་སྡུག་ཞུས་པ་རྣམས་གསན་འཇོག་གནང་འདུག ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་གི་ལྷན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ༌ཤིས་ལགས་དང་། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་བཅས་ཆེད་བཅར་ཞུས་འདུག