༢༠༡༤ ཟླ་ ༡༠ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝར་ནང་རྟེན་གཞི་བྱས་པའི་བྷི་རི་ཊི་ཤི་ཀོ་ལམ་བྷི་ཡའི་གཙུག་ལག་སློབ་གྲྭར་ University of British Columbia ཆིབས་སྒྱུར་བསྐྱངས་ནས་ཅེན་སྒྱུ་རྩལ་བསྟི་གནས་ཁང་ Chan Center for the Performing Arts དུ་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་སྩལ། ལྷན་ཚོགས་གོ་སྒྲིག་གནང་མཁན་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་གོང་འཕེལ་བསྟི་གནས་ཁང་ Dalai Lama Center for Peace and Education དང་ཡུ་བྷི་སི་ UBC ཚོགས་པ་གཉིས་ཡིན་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་ཚོགས་བཅར་བའི་ཁྲོད་མང་ཆེ་བ་སློབ་ཕྲུག་གཞོན་སྐྱེས་ཡིན་འདུག་པ་དང་། དེ་ནས་སྐུ་ཞབས་ཝིག་ཊོར་ཅེན་ Victor Chan ལགས་ཀྱིས་༸གོང་ས་མཆོག་ངོ་སྤྲོད་ཞུས་འདུག སྐབས་དེར་སྐུ་ཞབས་ཝིག་ཊོར་ཅེན་ལགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཡུན་རིང་ནས་ཚན་རིག་དང་འཕྲུལ་ཆས་རིགས་ལ་ཧ་ཅང་ཐུགས་སྣང་མཛད་དང་མཛད་མུས་ཡིན་པ་མ་ཟད། རྒྱ་གར་འཕགས་ཡུལ་གྱི་གནའ་རབས་གཞུང་ལུགས་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་དང་དེང་དུས་ཚན་རིག་གཉིས་ཐུན་མོང་གི་གཞི་རྟེན་ཐོག་བབ་ཐུབ་ཐབས་མཛད་ཡོད་སྐོར་སོགས་གསུངས། སྐབས་དེར་གདོད་མའི་མི་རིགས་ Musqueam ཀྱི་སྐུ་ཚབ་ཚོས་སྲོལ་རྒྱུན་གྱི་ལམ་ནས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་རྗེས་ཡུ་བྷི་སི་བསྟི་གནས་ཁང་གི་ཀླད་རྩའི་བྱེད་ལས་དང་རྣམ་འགྱུར་ཐོག་མཁས་ཁྱད་མི་སྣ་དང་ཚན་རིག་པ་རྒན་གྲས་ཡིན་པ་འབུམ་རམས་པ་སྐུ་ཞབས་ཨེན་ཐ་ནི་ཕི་ལིབ་སི་Dr Anthony Phillips ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་། ཁོང་གིས་སྐབས་དེར་བྱིས་པའི་མདུན་ལམ་སྲུང་སྐྱོབ་ཀྱི་ལས་གཞིའི་ནང་ཕྱག་ལས་གནང་མཁན་ལྕམ་སྐུ་ཀིམ་ཤོ་ན་ཊི་རེ་ཆེལ་ Kim Schonert-Reichl ལགས་ངོ་སྤྲོད་ཞུས་གྲུབ་བསྟུན། ལྕམ་སྐུ་ཀིམ་ཤོ་ན་ཊི་རེ་ཆེལ་ལགས་ཀྱིས་བྱམས་བརྩེའི་བསལ་བློ་ཤུགས་ཆེ་ཤོས་ཡོད་མཁན་ཕྲུ་གུ་ཚོ་སྐབས་རེ་ཁྱིམ་ཚང་དབུལ་ཕོངས་ནས་ཡིན་པ་དང་། ཕྲུ་གུ་དེ་དག་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གཞན་དང་བསྡུར་བ་ཡིན་ན་ལེགས་པ་ཡོད་པའི་དཔང་རྟགས་ར་སྤྲོད་ཐུབ་ཡོད་སྐོར་གསལ་བཤད་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་སྐུ་གཞོན་ནུའི་དུས་སྐབས་སུ་རྒྱལ་ཡུམ་ཆེན་མོ་མཆོག་གིས་བྱམས་བརྩེས་སྐྱོང་གནང་སྟངས་སྐོར་བཀའ་སློབ་སྩལ་རོགས་ཞེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྐབས་དེར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱི་ཨ་མ་ལགས་ནི་ཡིག་རྨོངས་ཤེས་ཡོན་མེད་མཁན་ཞིག་དང་། སོ་ནམ་པའི་བུད་མེད་གཅིག་ཡིན་ཞིང་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་དེ་ཙམ་སྐྱོ་པོ་མེད། ཁྱིམ་ཚང་ཉམ་ཐག་ཚོའི་བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་བརྩེ་ཁོ་ན་ཡིན། ངོས་རང་རྒྱ་གར་དུ་ལྷན་ཚོགས་ཤིག་ནང་མཉམ་ཞུགས་བྱེད་སྐབས་ངོས་ཀྱི་གྲོགས་པོ་རྙིང་པ་ཞིག་དང་ཐུག་བྱུང་། ཁོང་ནི་རྒྱ་གར་རྒྱལ་པོའི་རིགས་རྒྱུད་ཡིན།
སྐབས་དེར་ངོས་ཀྱིས་ཁོང་ལ་རྩེད་མོ་དང་སྦྲགས་འདི་ལྟར་བརྗོད་པ་ཡིན། ཁྱེད་རང་རྩ་བའི་ཆ་ནས་རྒྱལ་རྒྱུད་ཡིན་ནའང་མའི་བྱམས་སྐྱོང་ངོས་ལ་མང་བ་ཐོབ་ཡོད་བསམ་གྱི་འདུག གང་ཡིན་བརྗོད་ན། ངོས་རང་ཆུང་བྱིས་པའི་སྐབས་མ་དང་ལྷན་དུ་འཚོ་ཡོད། ཞིང་ལས་གནང་སྐབས་སུའང་ངོས་ཀྱིས་ཨ་མ་ལགས་ཀྱི་རྒྱབ་ལ་རྟ་བཞོན་བྱས་ཏེ་ཨ་མ་ལགས་ཀྱི་རྣ༌ཆོག་གཉིས་ལ་ངོས་ཀྱི་ལག་པས་ཟིན་ནས་ཕར་འགྲོ་ཚུར་འོང་བྱེད་འཇུག་མྱོང་ཡོད། དེ་རྗེས་ངོས་རང་ཤེས་ཡོན་སྦྱོང་སྐབས་དགོན་པའི་ནང་ཤེས་ཡོན་ལམ་ལུགས་སྲོལ་རྒྱུན་ལྟར་ལག་བསྟར་གནང་བཞིན་པ་དེའི་རྗེས་སུ་འབྲང་ནས་ཕྱིན་པ་ཡིན། ལམ་ལུགས་དེའི་ནང་རྟགས་དང་རྒྱུ་མཚན་གཙོ་འདོན་བྱེད་བཞིན་ཡོད། བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་རང་ཉིད་ཀྱིས་ཁོང་གི་གསུང་ལ་རྗེས་འཇུག་གདུལ་བྱ་ཚོས་བརྟག་དཔྱད་བྱེད་དགོས་པ་གསུངས་ཡོད། ཅེས་སོགས་ཀྱི་སྐོར་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་སྐུ་ཞབས་ཁི་རི་སི་ཨེན་ཌར་སོན་ Chris Andersonལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་མཛད། སྐབས་དེར་ཁོང་གིས་༸གོང་ས་མཆོག་ལ་སྐུ་ཉིད་ཀྱི་བྱིས་པའི་གནས་སྐབས་ཀྱི་མྱོང་ཚོར་དང་། ནང་ཆོས་སློབ་གཉེར་མཛད་ཕྱོགས། མི་ཚེའི་དགོས་དོན་གཙོ་བོ་གང་ཡིན་སོགས་ཀྱི་སྐོར་ལ་དྲི་བ་ཞུས་པ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་ཚོང་ལས་སྡེ་ཚན་འདྲ་མིན་གྱི་སྤྱི་ཁྱབ་འགན་འཛིན་མི་གྲངས་ ༢༠ ལ་མཇལ་ཁ་དང་བླང་དོར་བཀའ་སློབ་སྩལ།