༢༠༡༤ ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པ།
ཁྲེན་བོ་ཁུང་གིས་རྒྱ་ཡིག་ཏུ་བརྩམས། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་ཡིག་ཏུ་བསྒྱུར།
༄༅། །འདི་ལོའི་ཕྱི་ཟླ་ ༨ ཟླ་མཇུག་ཏུ་པེ་ཅིན་དུ་རྟེན་གཞི་བྱས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷ་ཁང་གིས་ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་སྲིད་འཛིན་དཔོན་འོས་འདེམས་བྱ་རྒྱུའི་ “ཐག་གཅོད་” ཅེས་པ་ཁྱབ་བསྒྲགས་བྱས་པ་དེའི་ནང་། རྒྱ་ནག་དབུས་གཞུང་གི་ཐེ་བྱུས་འོག་མི་གྲངས་ ༡༢༠༠ ལས་གྲུབ་པའི་འོས་གཞི་འདོན་མཁན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཕྱེད་ཀས་༼བརྒྱ་ཆ་ ༥༠%༽ མཉམ་འབྲེལ་ཐོག་མིང་འདོན་བྱས་པ་རྣམས་ལ་གཞི་ནས་འོས་གཞིའི་མི་སྣར་འཚུད་ཀྱི་ཡོད། འོས་གཞིའི་གྲངས་ཚད་ ༢།༣ བར་ཡིན། བརྒྱུད་རིམ་དེ་དག་བརྒྱུད་རྗེས་གཞི་ནས་མི་འབོར་ས་ཡ་ལྔ་ཡོད་པའི་ཧོང་ཀོང་གི་མི་རྣམས་ཀྱིས་འོས་འཕེན་ཆོག་པ་གསལ་ཡོད།
“ཐག་གཅོད་” འདིས་ཡོངས་ཁྱབ་འདེམས་བསྐོ་ཡིན་ཞེས་མིང་བཏགས་ཡོད་ནའང་། དོན་དངོས་ཐོག་འདེམས་སྒྲུག་རྒྱག་པ་ཞིག་དང་། སྔོན་ཐོན་ཡིན་ཞེས་བཤད་ཡོད་ནའང་དོན་དམ་དུ་ཕྱིར་བཤོལ་བྱས་པ་ཞིག་རེད། ད་རེས་འདི་དང་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་སྲིད་འཛིན་དཔོན་གྱི་འདེམས་བསྐོ་བྱས་པ་དང་བསྡུར་ནའང་ད་དུང་ཞིབ་ཕྲའི་བྱ་ཐབས་ཐོག་ལ་སྟངས་འཛིན་ནན་དུ་བཏང་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ལོའི་སྲིད་འཛིན་དཔོན་གྱི་འདེམས་བསྐོ་བྱེད་སྟངས་ནི། རྒྱ་ནག་དབུས་གཞུང་གི་ཐེ་བྱུས་འོག་མི་ ༨༠༠ ལས་གྲུབ་པའི་འོས་གཞི་འདོན་མཁན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གྲངས་ ༡༠༠ ཐམ་པ་ ༼བརྒྱད་ཆ་གཅིག་༽ ལས་བརྒལ་བས་མཉམ་འབྲེལ་ཐོག་མིང་འདོན་བྱུང་བ་རྣམས་འོས་གཞིར་འཚུད་པ་དང་། འོས་གཞིའི་མི་གྲངས་ལ་ཚད་གཞི་བཟོས་མེད།
རྒྱ་ནག་དབུས་གཞུང་གིས་སྲིད་འཛིན་དཔོན་གྱི་འོས་གཞིའི་གྲངས་ཚད་ཀྱི་སྒོ་ཐེམ་འདི། དེ་སྔའི་བརྒྱ་ཆ་གཅིག་ནས་ད་ལྟ་དུམ་བུ་གཉིས་ལ་བཏང་བའི་ཆ་གཅིག་བར་མཐོ་རུ་བཏང་ཡོད། འདི་ནི་རྒྱ་ནག་དབུས་གཞུང་ལ་རྣ་ཟུར་ཐེངས་གཅིག་ཕོག་པ་ལས་བྱུང་བ་གཏན་འཁེལ་ཆོག་པ་ཡིན། ཕྱི་ལོ་ ༢༠༡༢ ལོའི་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་སྐབས་ཧོང་ཀོང་མང་གཙོ་ཤོག་ཁག་གི་ཧྭ་སོ་རེན་འོས་གཞིའི་ནང་མིང་འདོན་བྱུང་ཡོད། དེར་བརྟེན་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ཚོའི་ཀླད་པའི་ནང་མདུན་བསྐྱོད་དམ་ཡར་ཐོན་གྱི་ལྟ་བ་མེད་པར། རྣ་ཟུར་ཕོག་པའི་བསླབ་བྱ་གཙོ་བཟུང་གི་ལྟ་བ་མཁྲེགས་པོ་ཡོད། འོས་བསྡུ་བྱ་རྒྱུའི་ཚོད་ལྟའི་བརྒྱུད་རིམ་གང་རུང་ཞིག་ནས་ཡར་རྒྱས་འོང་རྒྱུའི་བློ་སྒོ་འབྱེད་ཐབས་མ་བྱས་པར། དེ་ལས་ཟློག་སྟེ་གང་འདྲ་བྱས་ཏེ་ཚོད་འཛིན་མ་ཐུབ་པའི་རྙོག་གྲ་མི་འོང་བའི་ཉམས་མྱོང་བསླབ་བྱ་རྣམས་ཕྱོགས་བསྡོམས་བྱེད་ཀྱི་ཡོད།
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷ་ཁང་གིས་ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་སྲིད་འཛིན་དཔོན་འོས་འདེམས་བྱ་རྒྱུའི་ “ཐག་གཅོད་” དེས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་གཏན་འབེབས་བྱས་པའི་ <<གཞི་རྩའི་ཁྲིམས་གཞི་>> དང་རྒྱབ་འགལ་བྱས་ཡོད་པ་སྟེ། ཁྲིམས་དེའི་དོན་ཚན་ ༤༥ ནང་། སྲིད་འཛིན་དཔོན་ཡོང་སྟངས་ཀྱི་བྱ་ཐབས་ནི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་གོམ་པ་རིམ་བགྲོད་ཀྱི་རྩ་དོན་གཞིར་བཟུང་གཏན་འབེབས་བྱས་ཏེ། མཐའ་མ་རྒྱ་ཁྱབ་རང་བཞིན་གྱི་འཐུས་མིའི་ངོ་བོ་མཚོན་པའི་འོས་གཞི་འདོན་མཁན་ཨུ་ཡོན་ལྷན་ཁང་ནས་མང་གཙོའི་བརྒྱུད་རིམ་ལྟར་སྲིད་འཛིན་དཔོན་གྱི་འོས་གཞི་འདོན་རྗེས་ཡོངས་ཁྱབ་འོས་བསྡུ་བྱ་རྒྱུའི་དམིགས་ཚད་ལོན་པ་བྱ་དགོས་ཞེས་གསལ་པོ་འཁོད་པའི་འབྲུ་དོན་དང་རྒྱབ་འགལ་བྱས་པ་མ་ཟད། གོ་དོན་ལའང་བསྒྱུར་བ་བཏང་ཡོད་པ་རེད།
པེ་ཅིན་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་སྤེལ་བའི་གླེང་བརྗོད་དེ་དག་རྐྱང་པར་བལྟས་ན། རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” ཟེར་བ་དང་རྒྱབ་གཏོད་བྱས་པ་དང་རང་ཉིད་ཆེར་རློམ་མངོན་པ་གསལ་པོར་མཐོང་ཐུབ། དེ་ཡང་མི་དམངས་ཉིན་རེའི་གསར་འགྱུར་ཞེས་པས། “རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ནི་ཧོང་ཀོང་གི་ཆབ་སྲིད་བསྒྱུར་བཅོས་བྱེད་པའི་གཙོ་ཁྲིད་སྟོབས་ཤུགས་ལ་འགྱུར་ཡོད་” ཅེས་འཁོད་པའི་གོ་དོན་ནི། ཧོང་ཀོང་གི་ལས་དབང་། ཧོང་ཀོང་གི་མི་མང་ལ་མེད་པར་རྒྱ་ནག་གུང་ཁྲན་ཏང་གི་ལག་ཏུ་ཡོད་པ་བསྟན་ཡོད། “རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ཐག་གཅོད་དབང་ཆ་ཡོད་” ཅེས་པའི་གོ་དོན་དེ་ཡང་། ལམ་ལུགས་གཉིས་མེད་པར་རྒྱལ་ཁབ་གཅིག་རང་ཡིན་ཞེས་མངོན་གསལ་དོད་པོས་བཤད་འདུག ཧོན་ཇིའུ་ཉིན་རེ་རེའི་ཚགས་པར་ (环球日报)ཐོག་"རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་ཆབ་སྲིད་བསྒྱུུར་བཅོས་ཐོག་ཐོ་བ་རྡུང་ཐེངས་གཅིག་ལ་གྲོས་ཐག་གཅོད་པའི་རེ་བ་ཡོད་"ཅེས་བརྗོད་པའི་གོ་དོན་ནི། ཧོང་ཀོང་གི་མིས་ཧོང་ཀོང་བདག་སྐྱོང་བྱེད་མི་དགོས་པར། པེ་ཅིན་གཞུང་གིས་བདག་སྐྱོང་བྱ་རྒྱུ་ཡིན་པ་བསྟན་ཡོད། དེ་ཙམ་མ་ཟད། ད་དུང་གོང་གསལ་གསར་ཤོག་དེས། “ཧོང་ཀོང་གི་ཐལ་ཆ་ཆེ་བའི་ངོ་རྒོལ་ཤོག་ཁག་ནི་ཤོག་བུའི་སྟག་རེད་” ཅེས་བརྗོད་འདུག་པའི་གོ་དོན་ནི། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཤོག་ཁག་འཇོན་སྟངས་ཡོད་ན་མར་འདོན་ཤོག ང་ཚོས་མཁྲེགས་འཛིན་བྱས་ཏེ་ཡང་སྙིང་རྗེ་སྤུ་ཙམ་བྱེད་ཀྱི་མིན་ཞེས་ངར་ཤ་བསླངས་ཏེ། གནག་སེམས་ཆེ་བའི་ཕུགས་ངན་བཅངས་ཡོད་པ་གསལ་པོར་མངོན།
དེ་སྔའི་རྒྱ་ནག་གཞུང་གི་ཧོང་ཀོང་གཞུང་དོན་ཁང་གི་འགན་འཛིན་གཞོན་པ་དང་ད་ལྟའི་ཧོང་ཀོང་དང་མན་ཀོག་ཞིབ་འཇུག་ཁང་གི་འགན་འཛིན་ཁྲེན་ཛོ་འར་ཡིས། ཧོང་ཀོང་གི་མིས་”དབུས་ཚོང་ལས་ལྟེ་གནས་བཟུང་བའི་ “བྱ་སྤྱོད་དེར། པེ་ཅིན་གཞུང་གིས་ “ཐོག་རྒྱག་རྒྱུའི་” བྱ་ཐབས་སྤྱོད་རྒྱུ་ཡིན་པ་བཤད་དེ། “ཁྲག་དྲོན་འདོན་འཇུག་རྒྱུར་འཛེམ་ཟོན་མེད་” སྐོར་འཇིགས་སྐུལ་བྱས་འདུག་པ་འདིས་ག་རེ་གསལ་སྟོན་བྱེད་ཀྱི་ཡོད་དམ་ཞེ་ན། ད་ལྟའི་རྒྱ་ནག་གཞུང་གི་བསམ་བློ་གཏོང་སྟངས་དེ། དུས་རབས་ཉི་ཤུའི་ལོ་རབ་བརྒྱད་ཅུའི་ཏིང་ཞའོ་ཕིང་མི་ཐོག་སྐབས་ཀྱི་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློ་གཏོང་སྟངས་དང་གཉིས་སུ་མེད།
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷ་ཁང་གིས་ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་སྲིད་འཛིན་དཔོན་འོས་འདེམས་བྱ་རྒྱུའི་”ཐག་གཅོད་ “དེར་ཧོང་ཀོང་གི་བརྒྱུད་ལམ་ཁག་ནས་མི་འདོད་པའི་སྐྱོན་བརྗོད་ཆེན་པོ་བྱས་ཏེ། ཞི་བའི་ངང་”ཚོང་ལས་ལྟེ་གནས་” བཙན་བཟུང་བྱེད་པའི་བྱ་སྤྱོད་མདའ་མོ་གཞུ་རྒྱུད་དང་བྲལ་བ་ལྟར་ཡོད་ཅིང་།
བྱ་སྤྱོད་དེ་སྒྲིག་འཛུགས་བྱེད་མཁན་གྱི་མིས། “ཧོང་ཀོང་གིས་དངོས་སུ་སྤྱི་འབངས་ཀྱི་ངོ་རྒོལ་དང་རྩོད་ལེན་བྱེད་པའི་དུས་རབས་ཆེན་པོའི་ནང་བསྐྱོད་ཟིན་པའི་ཁྱབ་བསྒྲགས་བྱས”གལ་ཏེ་རྒྱ་ནག་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་མཐའ་མཇུག་ཧོང་ཀོང་གི་མི་ལ་དྲག་གནོན་བྱས་ཚེ། མིའི་རིགས་ཀྱི་ལོ་རྒྱུས་ལ་དྲན་གསོ་བསྐྱར་མ་ཞིག་འོང་རྒྱུ་ནི། རྗེས་ལུས་ཅན་གྱི་བྱང་ཕྱོགས་ཀྱི་མི་ཚོས་ཇི་ལྟར་བྱས་ཏེ་དྲག་ཤུགས་ལ་བརྟེན་ནས་ཡར་ཐོན་ཅན་གྱི་ལྷོ་ཕྱོགས་ཀྱི་ཚོ་ཁག་རྣམས་རང་གི་དབང་འོག་ཏུ་བསྡུས་ཡོད་པ་སྟེ། སོག་པོ་དང་མན་འཇུ་རིགས་ཀྱིས་དེ་སྔ་ཀྲུང་ཧྭ་ཞེས་པའི་རྒྱ་ནག་རྩ་མེད་བཟོས་པའི་ལོ་རྒྱུས་དེ་རིང་མིན་རྒྱ་ནག་དམར་གཞུང་གིས་ཧོང་ཀོང་བཙན་གནོན་འོག་མེད་པ་བཟོ་རྒྱུའི་དངོས་དོན་ཞིག་ལ་འགྱུར་སྲིད་པ་རེད།
རྒྱ་ནག་དབུས་གཞུང་གིས་ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་སྲིད་འཛིན་དཔོན་འོས་འདེམས་བྱ་རྒྱུའི་ “ཐག་གཅོད་” དེའི་ངོ་བོ་གསལ་པོ་མཐོང་བའི་ཐོག་ནས་ཞི་ཅིན་ཕིང་དབང་འཛིན་པའི་ཆབ་སྲིད་ཀྱི་བསམ་བློ་གཏོང་ཕྱོགས་དང་། བྱ་སྤྱོད་སྤེལ་སྟངས་དེ་བཞིན་མ་འོངས་པའི་ཁ་ཕྱོགས་ག་རེ་ཡིན་པ་གསལ་བཀྲོལ་བྱེད་ཐུབ
དེ་ཡང་ཞི་ཅིན་ཕིང་གི་དབང་ཆ་ཆེན་པོ་བཟུང་བའི་དུས་ཚོད་ནང་། དྲུག་བཞིའི་དོན་རྐྱེན་ལ་དག་སེལ་བྱ་མི་སྲིད་པར་དེ་ལས་ཟློག་སྟེ་དྲུག་བཞིའི་དོན་རྐྱེན་བསྐྱར་མ་ཞིག་བཟོ་སྲིད། ཞི་ཅིན་ཕིང་གིས་ཏིང་ཞའོ་ཕིང་ལ་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་བ་དེ་ནི། ད་བྱེད་དུས་དྲག་གནོན་བྱེད་པའི་ཐབས་བྱུས་དེ་ཡིན་པ་སྟེ། མཐའ་གཅིག་ཏུ་མཁྲེགས་འཛིན་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་དྲག་གནོན་བྱེད་རྐྱང་མ་གཏོགས་སྙིང་རྗེ་སྤུ་ཙམ་མེད་པར་ཁྲག་འདོན་འཇུག་རྒྱུར་འཛེམ་ཟོན་རྩ་བ་ནས་མི་བྱེད།
ཞི་ཅིན་ཕིང་གིས་ཏིང་ཞའོ་ཕིང་ཐེངས་གཅིག་བྱ་རྒྱུའི་འདོད་རྔམ་ཆེན་པོ་ཡོད་པ་སྟེ། ཧོང་ཀོང་དུ་ཡ་ང་བའི་དྲུག་བཞིའི་དོན་རྐྱེན་གཞན་ཞིག་བཟོ་རྒྱུ་དེ་ནི་ཁོ་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་པར་སྙམ། ཞི་ཅིན་ཕིང་གིས་མའོ་ཙེ་ཏུང་ལ་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་བ་དེ་ནི། ད་བྱེད་དུས་དེ་སྔོན་མའོ་ཙེ་ཏུང་གིས་གཡོ་ལྷད་དྲན་འཕྲུལ་ངང་བོད་ཐོག་ཆེས་མཐོའི་རང་སྐྱོང་ཡོད་ཟེར་བའི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་ཁྱོན་ཡོངས་ནས་ཚོད་འཛིན་བྱས་ཚར་རྗེས། གྲོས་མཐུན་བརྩི་མེད་བཏང་སྟེ། ཁ་དན་རྒྱབ་སྐྱུར་བྱས་པའི་བྱེད་སྟངས་དེར་དཔེ་ལེན་འདུག ཞི་ཅིན་ཕིང་གིས་མའོ་ཙེ་ཏུང་ལ་ཐེངས་གཅིག་བྱ་རྒྱུའི་འདོད་རྔམ་ཆེན་པོ་ཡོད་པ་དེར། གོ་སྐབས་ཤིག་རྙེད་ཡོད་པ་དེ་ནི། ཧོང་ཀོང་ལ་དེ་སྔ་དབྱིན་ཇི་མཉམ་ཁས་ལེན་བྱས་པའི་ << གཞི་རྩའི་ཁྲིམས་གཞི >> བརྩི་མེད་བཏང་སྟེ། དེའི་ཚབ་ <<ཡིག་ཆ་དཀར་པོ>> ཞེས་པ་འཁྱེར་ཡོང་ནས་ཡོངས་ཁྱབ་འོས་བསྡུ་ཟེར་བ་རྫུན་བཟོ་བྱས་ནས་དེས་ཧོང་ཀོང་མི་མང་གིས་ཐད་ཀའི་འོས་བསྡུ་བྱ་རྒྱུར་བཀག་འགོག་བྱས་པ་རེད།
ཞི་ཅིན་ཕིང་གིས་ར་ཤེ་ཡའི་པུ་ཊིན་ (Vladimir Putin ) ལ་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་བ་དེ་ནི། ད་བྱེད་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་མི་ལྟོས་པར་དྲག་ཤུགས་ཀྱིས་ (Chechnya) ཆད་ཆི་ནི་ཡར་བཙན་བཟུང་བྱེད་པ་དང་། ཡུ་ཀེ་རེན་དང་ (Ukraine and Georgia) འཇོར་ཇི་ཡ་ཁ་བྲལ་ཡ་ཐོར་དུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཡིད་ཆེས་བརླག་པའི་མིང་ཆད་འཁྱེར་དགོས་པ་དེ་རེད། ཞི་ཅིན་ཕིང་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་ཞི་བའི་ངོ་རྒོལ་སྣང་མེད་དུ་བཞག་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་མ་བྱས་པར་དུས་འགྱངས་བྱེད་གང་ཐུབ་དང་ཤིན་ཅང་གི་མི་རྣམས་ལ་དྲག་པོའི་ངོ་རྒོལ་བྱེད་པའི་ངར་ཤ་བསླངས་རྗེས་དམག་དཔུང་བཏང་ནས་དྲག་གནོན་བྱེད་རྐྱང་བྱེད་ཅིང་ཧོང་ཀོང་གི་མི་ལ་ངར་ཤ་བསླངས་ཏེ་ངོ་རྒོལ་གྱི་ལས་འགུལ་ཛ་དྲག་ཏུ་ཕྱིན་མཚམས་དམག་དཔུང་དང་ལྕགས་ཁྲབ་འཁོར་ལོ་བཏང་སྟེ་དྲག་གནོན་བྱ་རྒྱུར་མིང་དོན་མཚུངས་པ་ཡོང་རེ་བྱས། སེམས་པ་རྡོ་ལྟར་མཁྲེགས་པའི་ཞི་ཅིན་ཕིང་གིས་ཧོང་ཀོང་ལ་ “ཕྱིར་བཤོལ་རྩ་བ་ནས་བྱེད་ཀྱི་མིན་” ཞེས་དང་”མང་གཙོར་རྩ་བ་ནས་ཡོང་རེ་མེད་” ཅེས་ཧ་ཅང་མཁྲེགས་འཛིན་གྱི་ལངས་ཕྱོགས་བཟུང་སྟེ། ཧོང་ཀོང་གི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་ངང་རིང་བཟོད་བསྲན་མ་བྱས་པ་དང་དུས་མཉམ། ཐེ་ཝན་ལའང་ངང་རིང་བཟོད་སྒོམ་བྱ་ཐབས་མེད་པ་མངོན་གསལ་དོད་པོས་གསལ་སྟོན་བྱས་འདུག ཞི་ཅིན་ཕིང་གིས་ “ཞི་བའི་ངང་ཐེ་ཝན་རྒྱ་ནག་དང་ཟླ་བསྒྲིལ་གཏོང་རྒྱུར་” མུ་མཐུད་དུས་ཚོད་འཕྲོ་བརླག་མ་གཏང་བར་དེ་ལས་དྲག་ཤུགས་ཐོག་ནས་ཐེ་ཝན་ཚུར་ལེན་རྒྱུའི་ལྐོག་གཤོམ་བྱེད་བཞིན་ཡོད། ར་ཤེ་ཡའི་པུ་ཊིན་གྱིས་ (Georgia) འཇོར་ཇི་ཡར་དྲག་ཤུགས་བེད་སྤྱད་དེ་ལག་པ་འཆང་ནུས་སར། ང་ཞི་ཅིན་ཕིང་གིས་ག་རེ་བྱས་ཏེ་ཐེ་ཝན་ལ་ལག་པ་བརྐྱང་མི་ནུས་པ་ག་རེ་ཡོད་དམ། ཧོང་ཀོང་དོ་མཉམ་པར་བཞག་ཚར་རྗེས། འཇིག་རྟེན་འདིའི་ལོ་རྒྱུས་ནང་ཆབ་སྲིད་ཐོག་ནུས་པ་ཅན་གྱི་མི་གྲགས་ཤིག་གི་མིང་འཇོག་རྒྱུར་ཅི་མ་རུང་བསམ་མཁན་གྱི་ཞི་ཅིན་ཕིང་གིས་དམིགས་ཡུལ་རྗེས་མ་དེ་ནི། ཐེ་ཝན་ལ་ལག་པ་བརྐྱང་རྒྱུ་དེ་རེད།། །།