༢༠༡༤ ཟླ་ ༩ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་པ། དོན་ཚན་བརྒྱ་དང་བདུན་ནང་གསེས་དང་པོའི་ཀ་པའི་དགོངས་དོན་ལྟར། ༼སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་སྐབས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ། མང་མོས་སུ་ཐོབ་ལ་རྩིས་ཞིབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུའི་༽ ཆ་རྐྱེན་འོག་འོས་གཞི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིར་དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་དང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ལ་བསྐོ་བཙུགས་གནང་བས། འོས་གཞི་མི་འགྲོ་གཉིས་ལས་མ་ཉུང་བའི་མིང་ཐོ་འབུལ་དགོས་རྒྱུ་ཞེས་གསལ་བ་ལྟར། ཚོགས་ཆུང་གི་ཚོགས་མི་གསུམ་པོ་སྤྱི་མོས་ཐོག་ནས་འོས་གཞིར་སྤྱི་ཁྱབ་རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་དང་། ཤེས་རིག་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་ལགས་རྣམ་གཉིས་མཐའ་མའི་འོས་གཞིར་བདམས་ཐོན་བྱུང་བ་བཞིན་ཕུལ་ཡོད།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་བཞི་པའི་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་འདེམས་ཐོན་གནང་ཆེད་སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་མགོན་པོ་ཕུན་ཚོགས་ལགས་དང་། བཀྲ་ཤིས་སྟོབས་རྒྱལ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་ ༣༩ ནས་གྲོས་ཚོགས་ནང་གསང་བའི་འོས་ཤོག་འཕངས་ཏེ་མགོན་པོ་ཕུན་ཚོགས་ལགས་སུ་འོས་གྲངས་ ༣༦ ཐོབ་ནས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ལས་རིམ་ཐོག་སྤེལ་ཡོད། །