༢༠༡༤ ཟླ་ ༩ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གནས་ཚུལ་ཐོན་གསལ། ཉེ་དུས་རྒྱ་ནག་ལྕགས་ཟམ་ཁར་གཞུང་ཞབས་པར་རྒྱུགས་སྤྲོད་དུ་ཕྱིན་པའི་བོད་རིགས་སློབ་མ་གསུམ་དམར་གསོད་བཏང་བའི་གནས་ཚུལ་ཐོན་འདུག དེར་བརྟེན་གོང་ཚེས་ཉིན་སློབ་མའི་ཕྱོགས་ཀྱི་མི་མང་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་འདུག
སློབ་མ་རྣམས་རྒྱ་ནག་ལྕགས་ཟམ་ཁར་མགྲོན་ཁང་དང་ཟ་ཁང་མཉམ་གཅིག་ཏུ་ཡོད་པའི་མགྲོན་ཁང་ཞིག་ཏུ་བསྡད་འདུག ཟ་ཁང་གི་ངོས། ཟས་རིན་ཐད་ཐོག་མར་སྐད་ཆ་བཤད་པ་དང་ཟ་མ་བཟས་ཚར་བའི་རྗེས་ཀྱི་རིན་གོང་གཉིས་ཀྱི་དབར་ཧེ་བག་ཆེན་པོས་ལྡབ་ལོག་གི་ཁྱད་པར་ཕྱིན་པའི་སྐད་ཆ་བཤད་པར་བརྟེན། སློབ་མ་རྣམས་ནས་ཁྱེད་ཚོས་ཟས་རིན་ཙམ་གྱི་ཐོག་ནས་དྲང་པོ་མ་བྱས་ན་ང་ཚོ་མགྲོན་ཁང་ནང་སྡོད་ཀྱི་མིན་ཞེས་བཤད་དེ། ཕྱིར་ལོགས་ཡོང་སྐབས་མགྲོན་ཁང་གི་བདག་པོའི་བུ་དེས་རླངས་འཁོར་གྱིས་རྗེས་འདེད་བཏང་སྟེ། སློབ་མ་གསུམ་ཐོག་རླངས་འཁོར་གྱི་བརྫིས་ནས་དམར་གསོད་བཏང་བ་མ་ཟད། སློབ་མ་གཅིག་རྨས་སྐྱོན་བཟོས་འདུག
ལག་དམར་བ་དེའི་འཆར་གཞི་ལྟར་ན་སློབ་མ་ཚང་མ་རླངས་འཁོར་གྱི་བརྫིས་ནས་དམར་གསོད་གཏོང་རྒྱུ་ཡིན་འདུག
མགྲོན་ཁང་གི་བདག་པོ་ནི་རྒྱུ་སྟོབས་དང་དབང་ཆ། སྟོབས་ཤུགས་ཅན་དུ་གྲགས་པའི་མི་ཚང་ཞིག་རེད་འདུག་པས། དེར་ཞིབ་འཇུག་བྱས་རྗེས་རྒྱ་ནག་སྤྱི་བདེ་ཉེན་རྟོག་པའི་སྐད་ཆ་དང་མགྲོན་ཁང་བདག་པོའི་སྐད་ཆ་རྣམས་ཕྱོགས་གཅིག་ཏུ་ལྷུང་། སློབ་མ་རྨས་མའི་སྐད་ཆ་དང་དོན་དངོས་ཀྱི་སྐད་ཆ་བཅས་ཕྱོགས་གཅིག་ཏུ་གྱུར་ཏེ་ཕྱོགས་གཉིས་ཀྱི་སྐད་ཆ་རྣམས་རྩ་བ་ནས་ཆ་མ་མཚུངས་པའི་གནས་ཚུལ་ཐོན་ཡོད།
དེར་བརྟེན་སློབ་མའི་ཕྱོགས་ཁག་མི་མང་ནས་གུང་ཁྲན་ཏང་ལ་ཐག་གཅོད་ཡག་པོ་དང་དྲང་པོ་ཞིག་བྱེད་རོགས་ཞེས་ཞུ་འབུལ་བྱེད་བཞིན་འདུག་པ་དང་། སློབ་མ་དེ་རྣམས་ནི་བོད་ཤར་ཕྱོགས་ཀྱི་རྒྱལ་མོ་ཚ་བ་རོང་ནས་ཡིན་པའི་བོད་རིགས་སློབ་མ་རེད། ཞིབ་ཕྲའི་གནས་ཚུལ་ད་དུང་རྩད་གཅོད་ཐུབ་ཀྱི་མེད་པ་རེད།