༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཧེལ་སེན་ཀི་བདེ་རྩ་ (Helsinki Foundation)ཚོགས་པ་ཐུན་མོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་བོད་མི་མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་ཁོངས་ནས་ཁ་གསལ་ཤེས་རྟོགས་བྱུང་བའི་བོད་མི་ ༤༡ མིང་ཐོ་ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་ཁུངས་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་འཁོད་ཡོད་པ་ལྟར། བོད་མི་དེ་དག་གི་གནད་དོན་ཐོག་རྟོག་ཞིག་ནན་པོ་གནང་དགོས་པའི་རེ་འདུན་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ ༢༧ པ་སྟབས་བསྟུན་ (Working Group on Enforced or Involuntary Disappearances (WGIED) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ལས་དོན་ཚོགས་ཆུང་དང་ལྷན་ཚོགས་འདུ་ཞིག་གི་ཐོག་ཨ་ནཱ་ལི་གྷ་ཌར་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཧལ་སེན་བདེ་རྩ་ཚོགས་པ་ཐུན་མོང་གི་སྤྱི་བསྒྲགས་ཤིག་སྒྲོགས་སྦྱང་གནང་ཡོད་པའི་ནང་འཁོད་དོན། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་བར་གདོང་ལེན་ལ་ཁ་གཡར་ཏེ། མི་གང་དུ་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་དང་འགྱུར་མུས་ཀྱི་གནས་ཚུལ་ཇེ་མང་དུ་འཐོན་བཞིན་ཡོད།
ལས་དོན་ཚོགས་ཆུང་ངོས་ནས་རྒྱལ་ཁབ་འདྲ་མིན་གྱི་གར་སོང་ཆ་མེད་ཀྱི་གནས་སྟངས་ཁྲོད་རྒྱ་ནག་གཞུང་ལ་ཛ་དྲག་གི་གནད་དོན་བདུན་འཐེར་འདོན་དང་། འབོད་སྐུལ་རིམ་པ་བརྒྱད་ཙམ་གནང་ཡོད་ཁོངས་ནས་མང་ཆེ་བ་བོད་མི་ཡིན་རུང་ཁོང་རྣམ་པ་དུས་ད་ལྟ་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་སྟབས། གནད་དོན་དེའི་ཐོག་ང་ཚོར་སེམས་འཚབ་ཤུགས་ཆེན་པོ་ཡོང་གི་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོའི་ནང་འདོན་སྤེལ་གནང་བ་ལྟར། རྒྱ་ནག་གཞུང་ནས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང་། དེ་མིན་བོད་ཀྱི་རང་སྐྱོང་ས་གནས་གཞན་ཁག་གི་ནང་རྒྱལ་ཁབ་བརྟན་ལྷིང་ལ་ཁ་གཡར་ཏེ། བོད་མི་གང་བྱུང་འཛིན་བཟུང་གིས་གར་སོང་ཆ་མེད་དུ་བཏང་དང་གཏོང་བཞིན་པའི་གནད་དོན་མུ་མཐུད་ནས་ཡོང་གི་ཡོད།
ལྷག་པར་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་གྱིས་བོད་ནང་གི་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་ནང་མི་ཉེ་འབྲེལ་གྱིས་གཙོས་དགོན་གྲོང་སོགས་ལ་ཉེས་ཆད་གཏོང་རྒྱུའི་སྲིད་བྱུས་འོག་བོད་མི་མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད། དེར་བརྟེན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་། གར་སོང་ཆ་མེད་ཀྱི་ཚོགས་ཆུང་ངོས་ནས་རྟོག་ཞིབ་ནན་པོ་གནང་དགོས་པའི་རེ་འདུན་ཞུ་བཞིན་ཡོད། ལྷག་པར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་གནད་དོན་ཐོག་ལ་ཡང་རྟོག་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད། ཅེས་སོགས་འཁོད་འདུག