༢༠༡༤ ཟླ་ ༩ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་སྲིད་བློན་ན་རེནྡྲཱ་མོ་དི་ (Narendra Modi) མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཡོད་པའི་(Madison Square Garden (MSG) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་བ་ ༢༠ ༠༠༠ ཙམ་འདུ་འཛོམས་ཐོག་གསུང་བཤད་གནང་རྒྱུའི་ལས་རིམ་ཐོག་ཕེབས་སྐབས་ཁུལ་དེར་གནས་སྡོད་བོད་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་ཚོགས་པས་སྣེ་ཁྲིད་འོག ས་གནས་བོད་ཀྱི་བུད་མེད་ཚོགས་པ་དང་། གཞོན་ནུ་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་ཐེངས་འདིར་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་ས་གནས་བོད་མི་བརྒྱ་ལྷག་གིས་བོད་ཀྱི་ཆས་གོས་གྱོན་ཏེ། ལག་ཏུ་ཨ་རི་དང་། རྒྱ་གར། བོད་ཀྱི་རྒྱལ་དར་འཁྱེར་ཡོད་པ་མ་ཟད།
འཚམས་འདྲིའི་ཡི་གེ་འཕྲེད་དར་འཁྱེར་ནས་ཕེབས་བསུ་ཞུས་འདུག གཞན་ཡང་སྐབས་དེར་བོད་མི་ཚོས་གཡག་གི་འཁྲབ་སྟོན་གནང་ཡོད་པ་མ་ཟད། རྒྱ་གར་སྲིད་བློན་སྐུ་ཞབས་མོ་དི་མཆོག་གི་གཏམ་བཤད་གནང་ཡུལ་དུ་བོད་མི་ཁག་གཅིག་མགྲོན་འབོད་ཡང་གནང་འདུག དེ་ཡང་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་གསུང་དོན། དེ་རིང་ང་ཚོ་འདིར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དི་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུ་བར་བཅར་བ་ཡིན། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དང་བོད་མི་རྣམས་ལ་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ། ཞེས་གསུངས་འདུག ཕྱོགས་མཚུངས་ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་རྣམས་ཀྱིས་ཐེངས་འདིར་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱ་གར་གྱི་སྲིད་བློན་མཆོག་གི་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་དང་པོ་འདི་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་གསུངས་འདུག
སྤྱིར་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རྒྱ་གར་གྱི་སྲིད་བློན་མཆོག་ཉིན་གྲངས་ལྔའི་རིང་ཨ་རིར་གཞུང་འབྲེལ་ཆེད་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་སྲིད་བློན་མཆོག་གིས་ནིའུ་ཡོཀ་གྲོང་ཁྱེར་ནང་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་འདུག དེ་བཞིན་ཁོང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ (Washington DC) ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་མ་ཟད། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་འདུག