༢༠༡༤ ཟླ་ ༩ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་ལྷ་རྒྱལ་རིར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲི་པོ་ ༢༣ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། འབྲེལ་ཡོད་ལས་བྱེད། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་བརྒྱ་བརྒལ་བའི་དབུས་སུ་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་མཚམས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ། བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་ཞལ་འདོན་གསུང་སྐུལ་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་ཏེ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གསར་དུ་པར་སྐྲུན་ཞུས་པའི་རྒྱབ་ཤ་དཀར་པོའི་དགག་ལན་གྱི་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན།
དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་ ༢༣ དང་། བོད་ཀྱི་རྒྱལ་ལྷ་སར་མི་རབས་གསར་པས་སྣེ་ཁྲིད་ནས་ལས་འགུལ་སྤེལ་ཏེ་མི་ལོ་ ༢༧ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་པའི་བཀུར་འོས་སྤྱི་འཐུས་གཅིག་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སོགས་ལ། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆབ་སྲིད་བཙོན་ཟུར་རྣམས་བོད་མིའི་སྒྲིག་འཛུགས་ངོས་ནས་ལས་རིམ་བསྒྲིགས་ཏེ། ཨོ་སི་ཊོ་ལི་ཡར་གཏོང་གི་ཡོད། ཉེ་ཆར་ང་རང་ཨོ་སི་ཊོ་ལི་ཡར་ཕྱིན་པ་ཡིན། དེ་དུས་སྔོན་མ་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་དང་། དེང་སྐབས་སྤྱི་ཚོགས་ནང་ལབ་གླེང་གང་ཙམ་ཆགས་པའི་གནས་ཚུལ་དེ་དག་ནི་ཚད་མེད་པའི་བློ་ཕམ་པའི་རྒྱུ་ཞིག་རེད། སོ་སོའི་ལོ་རྒྱུས་ལ་བལྟས་ན། ཐོག་མ་རྒྱ་ནག་གཞུང་ལ་བསམ་བློ་ག་འདྲ་ཞིག་ཁྱེར་ནས་ངོ་རྒོལ་བྱས་ཏེ་བཙོན་དུ་ཚུད་པ་རེད། བཙོན་ནས་ཐར་རྗེས་བཙན་བྱོལ་ནང་སླེབས་ནས་བསམ་བློ་ག་འདྲ་ཁྱེར་ཏེ་བསྡད་པ་རེད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་འོག ཨོ་སི་ཊོ་ལི་ཡར་སླེབས་སྐབས། སྔོན་མའི་བསམ་བློ་ལས་ལྡོག་སྟེ། རྒྱ་ནག་གཞུང་ལ་མགོ་བསྒུར་ནས་བོད་པའི་སྤྱི་ཚོགས་ནང་རྙོག་གྲ་བཟོ་རྒྱུ་དེ་ཐབས་སྐྱོ་པོ་རེད། ལྷག་པར་ཆབ་སྲིད་བཙོན་ཟུར་ཚོས་དེ་ལྟར་བྱས་ན། སེམས་ནང་ལ་མི་ཤོང་བའི་གནས་ཚུལ་ཡོང་གི་འདུག དེར་བརྟེན་ཐོག་མའི་བསམ་བློ་གང་ཡོད་པ་དེ་མཐའ་འཁྱོལ་དགོས་པ་ལས། བསམ་བློ་གནམ་གཤིས་བཞིན་འགྱུར་སོང་ན་ཐབས་སྐྱོ་པོ་རེད། དེ་དུས་ཁག་གཅིག་ང་ཚོ་ཐུག་པར་ཡོང་སྟེ། དཔལ་འབྱོར་ཚེ་རིང་དང་མཉམ་དུ་འབྲེལ་བ་མེད་སྐོར་འགྲེལ་བརྗོད་བྱས་བྱུང་། ཧ་ཅང་ཡག་པོ་རེད། ཅེས་བརྗོད་པ་ཡིན།
དེ་བཞིན་དོལ་རྒྱལ་སྐོར་ཡིན་ནའང་རེད། མི་དེ་ཚོའི་རིགས་བསམ་བློ་བཏང་ནས་ཚུར་ཁ་འཁོར་ཡོང་ན་ཡག་པོ་རེད། སྐད་ཆ་ཡག་པོ་བཤད་ནས་དེ་ལྟར་མ་བྱུང་ན། སྣང་མེད་བཏང་སྟེ་འཇོག་དགོས་པ་རེད། ཨོ་སི་ཊོ་ལི་ཡའི་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཀྲ་ཀ་ཟེར་མཁན་དེས་བོད་ནང་འགྲོ་དགོས་ཀྱི་ཡོད་ན། དཔལ་འབྱོར་ཚེ་རིང་བརྒྱུད་ནས་མ་ཡོང་ན་ཁྱེད་རང་ཚོར་མཐོང་མཆན་རག་གི་མ་རེད་ཅེས་བརྗོད་ཀྱི་ཡོདའདུག སོ་སོས་སྔོན་མ་རྒྱ་མིར་ངོ་རྒོལ་བྱེད་སྐབས་བསམ་བློ་ག་འདྲ་བཏང་རེད། ད་ལྟ་བོད་སྤྱི་པའི་གནས་སྟངས་དང་། སོ་སོའི་ཕ་མ་ཐུག་རྒྱུ་གཉིས་ལས་ཕ་མར་ཐུག་རྒྱུ་དེ་གལ་ཆེ་བར་བརྩིས་ན། སྔོན་མ་ནས་ངོ་རྒོལ་མ་བྱས་པར་བོད་ནང་བསྡད་ན་འགྲིག་གི་རེད། དཔལ་འབྱོར་ཚེ་རིང་རྒྱ་ནག་གིས་བེད་སྤྱོད་གཏོང་ཐུབ་ཀྱི་འདུག་བསམ་ནས་གསོ་གི་ཡོད་པས། ང་ཚོའི་མི་གཅིག་སོང་། གཉིས་སོང་། གསུམ་སོང་ན། ཁོ་བེད་སྤྱོད་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ལ་ཕན་ཐོགས་ཀྱི་རེད། དེར་བརྟེན་ཁོ་ལ་ཡང་ཁེ་ཕན་རག་གི་ཡོད། ང་ཚོའི་མི་གཅིག་ཀྱང་མ་སོང་ན། ཁོ་བེད་སྤྱོད་མེད་སྟབས་རྒྱ་ནག་གཞུང་གིས་ཉིན་གཅིག་གཡུག་གི་རེད། ཕྱོགས་མཚུངས་དམངས་ཁྲོད་ཁ་བརྡ་ཟེར་བའི་དྲ་རྒྱ་རང་ཉིད་སྒེར་ངོས་ནས་ཉིན་གཅིག་ལྟ་མྱོང་མེད། དེ་རིགས་རྩ་བ་ནས་མ་བལྟས་ན་བྱེད་རྒྱུ་གང་ཡང་མེད། མདོར་ན། ཁྱེད་རང་ཚོས་དེ་སྔ་དཀའ་ལས་བརྒྱབ་པ་ལྟར། མི་ཚེ་འདི་འཆི་སྐབས་ཀྱང་དོན་སྙིང་ལྡན་པའི་ཐོག་ནས་འཆི་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་མིན་དངུལ་དངོས་ཀྱི་ཆེད་རང་ཉིད་ཀྱི་རྒྱལ་ཁབ་ཀྱང་འཚོང་རྒྱུའི་གནས་ཚུལ་བྱུང་ན་ཧ་ཅང་ཐབས་སྐྱོ་པོ་རེད། ཅེས་གསུང་བཤད་གནང་ཡོད། དེ་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཐུགས་རྗེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད། དེ་བཞིན་ཕྱི་དྲོ་ཆུ་ཚོད་ ༦ ཐོག་རྡ་ས་མེཀ་གྷན་རླངས་འཁོར་བབས་ཚུགས་རྙིང་པ་ནས་གཙུག་ལག་ཁང་དཔའ་བོའི་དྲན་རྟེན་རྡོ་རིང་བར་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་སོང་བ་བཅས། །