༢༠༡༤ ཟླ་ ༩ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་གྲོ་བཞིན་ཟླ་བའི་ཚེས་ ༢༩ ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དྲུང་དུ་བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མགོན་པོ་ཕུན་ཚོགས་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་རྣམ་པ། བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་གི་བཞུགས་གྲལ་དུ་འཁོད་མཚམས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་དང་། ཆང་ཕུད་ཕུལ།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མཆོག་གིས་རིམ་བཞིན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མགོན་པོ་ཕུན་ཚོགས་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་གྲུབ་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད། དེ་ནས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ་དང་འབྲེལ་ བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མགོན་པོ་ཕུན་ཚོགས་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ།