༢༠༡༤ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ལྷོ་ཕ་རན་སིའི་གྲོང་ཁྱེར་ཁ་རལ་སིའི་གྲོང་སྡེ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༤ ནས་བཟུང་བོད་མི་ཆབ་སྲིད་བཙོན་པར་བདག་སྐྱོང་གནང་རྒྱུའི་ལས་གཞི་ཞིག་འགོ་འཛུགས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན་གྱི་དགོང་དྲོ་སླར་ཡང་ལས་གཞི་དེ་མུ་མཐུད་སྤེལ་རྒྱུའི་སྤྱི་མོས་ཀྱི་གྲོས་ཆོད་བཞག་འདུག གནས་ཚུལ་དེའི་སྐོར་སྦར་སིའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྒྱུད་ལམ་ཁག་གཅིག་ནང་འགྲེལ་བརྗོད་གནང་གསལ། གྲོང་སྡེ་དེ་ནི་ལོ་མང་པོ་ཞིག་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཀྱི་ཡོད།
ལྷག་པར་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་བདག་སྐྱོང་བྱེད་ཆེད་གྲོང་སྡེ་ལྷན་ཁང་ནས་ཐག་གཅོད་གནང་སྟེ། བོད་ནང་གི་ཆབ་སྲིད་བཙོན་པར་བདག་སྐྱོང་གི་ཆེད་སྤྱི་མོས་ཐོག་ནས་གྲོས་ཆོད་བཞག་ཡོད་འདུག སྤྱིར་བཏང་ང་ཚོས་མང་ཚོགས་ནང་ནས་བོད་དོན་ལ་རྒྱབ་སྐྱོར་རག་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕ་རན་སིའི་གྲོང་སྡེ་དེ་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་གཞི་འདི་ལྟ་བུ་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་ཡོད་པར་བརྟེན། མང་ཚོགས་ནང་ནས་བོད་དོན་ལ་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་མེད་ཧ་ཅང་གསལ་པོ་ཆགས་ཀྱི་ཡོད། དེ་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་ལས་འགུལ་འདི་ནི་ཕལ་ཆེར་ཐོག་མར་ཕ་རན་སི་ནས་འགོ་འཛུགས་ཞུས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༠ ཟླ་ ༤ ནས་འགོ་བཙུགས་ཏེ། བོད་ནང་གི་གྲོང་ཁྱེར་དང་གྲོང་གསེབ་སྤུན་སྒྲིག་དང་བདག་སྐྱོང་བྱེད་རྒྱུའི་ལས་འགུལ་བརྩམས་ཏེ། ད་ལྟ་བར་དུ་ཕ་རན་སིའི་ནང་གྲོང་ཁྱེར་དང་གྲོང་གསེབ་དྲུག་ཅུ་ལྷག་བྱུང་ཡོད། གནས་ཚུལ་དེའི་ཐོག་ནས་གཙོ་བོ་ཕ་རན་སིའི་མང་ཚོགས་ནང་ནས་བོད་དོན་ཐོག་སེམས་ཁུར་དང་བློ་འཚབ་ཡོད་པའི་རྣམ་འགྱུར་གསལ་སྟོན་བྱེད་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་འདུག སྤྱིར་བཏང་གྲོང་སྡེ་དེ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མུས་ཁྲོད་ཕྱི་ལོ་ ༢༠༠༤ ནས་བཟུང་བོད་མིའི་ཆབ་སྲིད་བཙོན་པར་བདག་སྐྱོང་གི་ལས་གཞི་སྤེལ་འགོ་བཙུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༥ ལོར་གྲོང་སྡེ་སྤྱི་ཁྱབ་པས་སྐབས་དེའི་ཕ་རན་སིའི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་ཏེ། མི་ལོ་ ༥༠ འཁོར་བའི་དུས་ཚིགས་སྐབས་གྲོང་སྡེ་སྤྱི་ཁྱབ་ཀྱི་ལས་ཁུངས་མདུན་དུ་བོད་པའི་རྒྱལ་དར་སྒྲེང་འཛུགས་སོགས་ཀྱི་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྣེ་མང་སྤེལ་འདུག་པ་བཅས། །