ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༨ ཉིན་གྱི་ཕྱེད་ཡོལ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་གྲུབ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་རྣམ་པ། དེ་རིང་དམིགས་བསལ་བོད་ཀྱི་ཟློས་གར་གྱི་གཞས་སྣ་འཁྲབ་སྟོན་གནང་མཁན་རྣམ་པ། ལྷག་པར་ཆེད་དུ་མངགས་ནས་གཟུ་དཔང་རྣམ་པས་དོ་སྣང་ཆེ་བཞེས་གནང་བར་བརྟེན་རུ་ཁག་གཉིས་བར་ལ་བརྒྱ་ཆ་ཕྱེད་ཀ་མ་གཏོགས་ཁྱད་པར་ཕྱིན་མི་འདུག ཐོག་མར་ངས་བཀའ་ཤག་སྐབས་ ༡༤ པའི་ཚབ་ཞུས་ཏེ་ཚང་མར་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱིར་བཏང་བོད་ཀྱི་ཟློས་གར་ཚོགས་པ་ནས་ལོ་ལྟར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་ཉིན་མོར་གཞས་སྣ་འགྲན་བསྡུར་བྱེད་ཀྱི་ཡོད་པ་དེ་ནི་ཧ་ཅང་སྙན་གྲགས་ཆེན་པོ་ཆགས་ཡོད། ད་ལྟ་བར་དུ་མང་པོ་ཞིག་ཐོས་མྱོང་ཡོད་ཀྱང་ང་རང་དངོས་སུ་བཅར་བ་དེ་རིང་དང་པོ་ཡིན། སྙན་གྲགས་ཡོད་པ་ལྟར་གྲ་སྒྲིག་གནང་སྟངས་སོགས་གང་ཅིའི་ཐོག་ཧ་ཅང་ཡག་པོ་གནང་འདུག དམིགས་བསལ་དེ་རིང་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་བྱུང་སོང་། གང་ལ་ཞེ་ན། ཁོང་རྣམ་པས་གཞས་སྣ་འཁྲབ་སྟོན་གནང་བ་མང་ཆེ་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་ལོ་དང་སྟབས་བསྟུན་པའི་ཐོག་ནས་བཀའ་ཤག་སྐབས་ ༡༤ པས་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཁོང་རྣམ་པས་ཀྱང་དེ་ལྟར་གནང་སོང།
ལྷག་པར་རྒན་ངག་དབང་ལགས་དང་བསམ་གཏན་ལགས་གཉིས་ཀྱིས་གཞས་ཀྱི་བར་གསེང་སྐབས་བོད་ཀྱི་མཇལ་དར་གྱིས་མཚོན་གཏམ་གླེང་ཧ་ཅང་ཡག་པོ་གནང་སོང། དེ་བཞིན་གཞས་སྣ་ཁག་ཀྱང་སྲོལ་རྒྱུན་དང་ཆབས་ཅིག་དེང་སྐབས་ཀྱི་གསར་གཏོད་རིམ་པའི་ཐོག་ནས་མང་པོ་གྲ་སྒྲིག་གནང་འདུག དེ་རིང་རྒྱ་ལུའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་རྔོན་པའི་རུག་ཁག་ལ་ཨང་གཉིས་པ་ཐོབ་ཡོད། དེར་བརྟེན་རུ་ཁག་གཉིས་ནས་གྲ་སྒྲིག་ཡག་པོ་གནང་འདུག་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། གོང་དུ་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དབྱངས་སྐྱིད་ལགས་ཀྱིས་གསུངས་པ་ལྟར། ནོར་ནང་ངག་དབང་དོན་གྲུབ་ལགས་ཀྱིས་འགན་འཛིན་གྱི་ལས་འགན་བཞེས་པའི་ཐོག་ད་ལྟ་བར་དུ་བོད་ཀྱི་ཟློས་གར་ཚོགས་པས་སྤྱི་ཚོགས་ལ་ཕན་ཐོགས་བསྒྲུབས་པ་བྱུང་ཡོད།
བོད་ཀྱི་ཟློས་གར་ཚོགས་པ་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་དབུ་འཛུགས་གནང་སྟེ། འཁྲབ་སྟོན་དང་པོ་ཕྱི་ལོ་ ༡༩༥༩ ཟླ་ ༡༡ ནང་ཀ་སྦུག་ལ་གནང་འདུག དེ་ནས་རྒྱ་གར་ནང་ཨ་ཕི་རི་ཀ་དང་ཨི་ཤེ་ཡའི་ཚོགས་འདུར་རྒྱལ་ཁབ་ ༡༩ ནས་ཕེབས་པའི་ཚོགས་ཆེན་ཞིག་གི་ནང་ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༩ ནས་ ༡༤ བར་ཉིན་གྲངས་གསུམ་རིང་རྒྱལ་ཁབ་ ༡༩ ནས་གཞས་སྣ་འཁྲབ་སྟོན་བྱེད་སྐབས། བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་བྱེད་ཐུབ་བྱུང་འདུག མདོར་ན། བོད་ཀྱི་ཟློས་གར་ཚོགས་པ་རྒྱལ་ཁབ་ ༣༦ ཙམ་ནང་གཞས་སྣ་ཁག་འཁྲབ་སྟོན་གནང་སྟེ། རྒྱལ་སྤྱིའི་ཐོག་བོད་ཀྱི་རིག་གཞུང་སྐོར་ལ་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་ཡང་ཁྱབ་བསྒྲགས་བྱེད་ཐུབ་པར་བརྟེན་བོད་དོན་ལ་རྒྱབ་སྐྱོར་ཐོབ་པའི་བྱས་རྗེས་ཆེན་པོ་བཞག་ཡོད། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་བརྒྱུད་ནས་སློབ་གྲྭ་ཁག་གི་དགེ་རྒན་བཞི་བརྒྱ་ཙམ་ལ་སྦྱོང་བརྡར་སྤྲད་ནས་ཕན་ཐོགས་བྱུང་ཡོད་ངེས་རེད། ཟློས་གར་གྱི་དགེ་རྒན་རྣམ་པས་སློབ་གྲྭ་དང་གཞིས་ཆགས་ཁག་ནང་འགན་ཁུར་བཞེས་པའི་ཐོག་ང་ཚོའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་གི་ཡོད། དེ་དག་ནི་བོད་ཀྱི་ཟློས་གར་གྱི་སྒྲིག་འཛུགས་དང་དགེ་རྒན་རྣམ་པའི་བཀའ་དྲིན་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་གལ་ཆེར་གཟིགས་ཐོག་སྐབས་དེ་དུས་ཀྱི་སྲི་ཞུ་བ་ཟུར་པ་རྣམ་པས་འགན་ཁུར་བཞེས་ཏེ། སྤྱི་ཚོགས་ལ་ཕན་ཐོགས་བསྒྲུབས་དང་སྒྲུབ་མུས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད། རྒྱ་གར་དང་ཕྱི་རྒྱལ་གྱི་སྐུ་མགྲོན་སུ་ཞིག་ཡིན་རུང་བོད་ཀྱི་ཟློས་གར་ཚོགས་པའི་གཞས་སྣ་ཁག་གཟིགས་རྗེས་ཁོང་རྣམ་པས་སྲོལ་རྒྱུན་ལམ་ལུགས་ཐོག་ནས་ཧ་ཅང་ཡག་པོ་འཁྲབ་བཞིན་ཡོད་སྐོར་བསྔགས་བརྗོད་གནང་གི་འདུག ཕྱོགས་མཚུངས་རིག་གནས་བཅུའི་ནང་ནས་གཞས་སྣ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཆེད་སྔར་ལྷག་འབད་བརྩོན་གནང་དགོས། སྤྱིར་བཏང་ཁྱེད་རྣམ་པས་དུས་ད་ལྟ་བར་དུ་སྲོལ་རྒྱུན་ལྟར་གཞས་སྣ་འཁྲབ་སྟོན་སོགས་ལ་སྲུང་སྐྱོབ་དང་དར་སྤེལ་གནང་ཐུབ་པ་དེ་ནི་ཧ་ཅང་བྱས་རྗེས་ཆེན་པོ་ཞིག་ཆགས་ཡོད། དམིགས་བསལ་བོད་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་གི་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་རྩ་མེད་གཏོང་རྒྱུས་མཚོན་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་ཀྱི་སྐབས་འདིར་གདོང་ལེན་ལྟ་བུ་ཆགས་ཡོད།
ང་ཚོར་རིག་གནས་བཅུ་ཡོད་ཁོངས་ནས་ཟློས་གར་སྲུང་སྐྱོབ་དང་མི་ཉམས་གོང་སྤེལ་གནང་བ་ནི་བྱས་རྗེས་ཆེན་པོ་རེད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་བོད་ཀྱི་སྲོག་ལྟ་བུ་དང་། སྐད་ཡིག་སྒྲ། གཞས་སྣ་ངོ་གདོང་ལྟ་བུ་ཆགས་ཀྱི་ཡོད། དེ་ལྟ་བུའི་ངོ་གདོང་སྙིང་རྗེ་པོ་ཡོད་པ་དེ་བཞིན་སྲུང་སྐྱོབ་གནང་ཐུབ་པ་ནི། བོད་ཀྱི་ཟློས་གར་ཚོགས་པའི་ནང་ཕྱག་ལས་གནང་མཁན་དང་འཁྲབ་སྟོན་པ། རོལ་ཆ་གཏོང་མཁན་གྱིས་གཙོས་སློབ་གྲྭ་ཁག་གི་དགེ་རྒན་སྤྱི་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྲུང་བརྩི་ཞུ་རྒྱུའི་ལོར་ངོས་འཛིན་དང་འབྲེལ་གཞས་སྣ་ཁག་འཁྲབ་སྟོན་གནང་བར་བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་སྙིང་ཐག་པས་དགའ་བསུ་ཞུ་རྒྱུ་ཡིན།
དམིགས་བསལ་ཟློས་གར་ཚོགས་པས། བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་ཕྱི་ལོ་ ༢༠༡༤ ལོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་ལོར་ཞེས་བཅུ་བཞི་གསུམ་གསུང་གནང་སོང། དེ་བཞིན་ངས་བསམ་པར་ཡང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ ༥༥ ཆགས་ཀྱི་ཡོད། ལྔ་གཉིས་ཡོད་པ་དེ་བཞིན་ཕྱོགས་གཅིག་ནས་རྟེན་འབྲེལ་བཟང་པོ་ཞིག་ཏུ་བརྩིས་ན་འགྲིག་གི་མེད་དམ། གང་ལ་ཞེ་ན། ང་ཚོའི་སྲོལ་རྒྱུན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་བོད་ཟླ་ ༥ ཚེས་ ༥ ཉིན་ཡིན་སྟབས་ལྔ་གཉིས་ཡིན།
དེར་བརྟེན་བོད་ཟླ་ ༥ ཚེས་ ༥ ཉིན་སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ ༥༥ འཁོར་བ་དང་ལྷན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་ཆེད་གཞས་སྣ་འཁྲབ་སྟོན་ཧ་ཅང་ཡག་པོ་གནང་བར། སླར་ཡང་བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་གཞས་སྣ་འཁྲབ་སྟོན་གནང་མཁན་དང་དགེ་རྒན་རྣམ་པ། ཟློས་གར་ཟུར་པ་ཚང་མར་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང། །